Sunday, April 18, 2010

ཁྱེད་ཚོའི་སྡུག་བསྔལ་རྨི་ལམ་དུ་ཡང་ཚོར་ཡོད།

ཨ་རིག་དགེ་མཐོང་།

སྐྱེ་རྒུ་ལ་ས་ཡོམ་བརྒྱབས་པ་རིག་ནས་སེམས་ཤིན་ཏུ་སྐྱོ།
ས་ཡོམ་རེ་བརྒྱབ་དུས་སེམས་ལ་ཚག་ཤད་ཅིག་རྒྱུགས་ཀྱང་
དེ་ཙམ་གྱི་ཚོར་བ་སླེབས་མི་སྲིད།
ད་ཐེངས་སྤུན་ཟླ་གང་མང་ཞིག་འདས་གྲོངས་སུ་ཕྱིན་དུས
ངའི་སེམས་ནང་དུ་བཟོད་མི་ཐུབ་པའི་ན་ཟུག་ཅིག་དང་
རྨི་ལམ་དུ་ཡང་ཁྱེད་ཅག་གི་སྡུག་བསྔལ་ཚོར
ས་མཐའི་ཡུལ་གྱར་བ་ང་ཚོས་ཁྱེད་ཅག་དང་ལྷན་དུ
སྐྱིད་སྡུག་མཉམ་གཤིབ་ཅིག་བྱེད་བསམ་ཡང་
རི་ཆུ་སྟོང་ཕྲག་གི་བར་ཐག་དང་ རྒྱ་ནག་གི་གནོད་ཤུགས་དེས
ངེད་ཅག་གི་འདོད་པ་ཇི་ལྟར་བྱས་ཀྱང་འགྲུབ་མི་སྲིད
ངེད་ཅག་གིས་ཁྱེད་ཚོ་ལ་བསྔོ་སྨོན་རེ་དང་སྐྱབས་འཇུག་ལས
གང་ཡང་འཇོན་མ་སོང་ལ་འཇོན་སྟངས་ཤིག་མི་རྙེད་པས
སེམས་གཏིང་ནས་དགོངས་དག་ཞུ
གཞིས་བྱེས་གཉིས་ཀྱི་བར་ཐག་རིང་ཡང་
འུ་ཅག་གི་སེམས་ཐག་ཧ་ཅང་ཉེ
རྒྱ་ནག་གིས་འདི་ལྟ་བུའི་དུས་སུ་ཡང་
ཆབ་སྲིད་འཁྲབ་པ་ནི་འུ་ཚོས་མིག་མཐོང་ལག་ཟིན་རེད
གྲྭ་བ་དང་གྲོང་བ་མང་བོ་ཞིག་གདུང་སེམས་མཉམ་སྐྱེད་དུ་ཕེབས་ཀྱང་
གསར་འགོད་བརྒྱུད་ལམ་ན་རྒྱ་མི་ལས་མི་མཐོང་དོན་ཅི
བློ་སེམས་རྩེ་གཅིག་གིས་གསོལ་འདེབས་རེ་བྱོས་དང་
༧རྒྱལ་བ་རིན་པོ་ཆེས་དུས་རྟག་ཏུ་ངེད་ཅག་གི་བདེ་སྡུག་གཟིགས་ཡོད
ཁ་སང་ཡང་ཁྱེད་ཅག་གི་ཕྱིར་ཏུ་བསྔོ་སྨོན་རྒྱ་ཆེན་གསུངས་སོང་
བོད་གཞུང་གིས་ཀྱང་བུ་ཕྲུག་གྲོངས་པའི་ཕ་མ་ལྟར
ཉིན་འདི་ཚོ་ལ་ཁྱེད་ཅག་གླེང་ཞིང་སྐྱོ་གདུང་གིས་གཟེར
སེ་འབྲས་དགེ་གསུམ་གྱི་བསྔོ་སྨོན་ད་དུང་མཚམས་ཆད་མེད་ལ
ངྷ་སའི་མི་སྐྱ་ཚོའི་མིག་ཆུ་ད་དུང་ཡལ་མི་འདུག

ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་སོང་བ་དང་ཤུལ་ལྷག་སྤུན་ཟླ་དག་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཕྱིར་ཏུ་བྲིས་པ་ཡིན།

༢༠༡༠ ༤ ༡༧

ས་ཡོམ་གྱི་ཁྲོད་གནས་པའི་འདས་གསོན་གཉིས་ལ་ཕུལ།

བོད། ཤ་ཁྲག་རུས་གསུམ།

ཉེས་མེད་ཀྱི་སྐྱེ་བོ་ཁྲི་སྟོང་མང་བོ
སེམས་མེད་ཀྱི་འབྱུང་བའི་གནོད་པའི་ཁྲོད་དུ
རིན་ཆེན་གྱི་ཚེ་སྲོག་དབང་མེད་དུ་ཤོར་དུས
རྒྱང་རིང་གི་ཡུལ་ཕྱོགས་གང་ས་ནས
ཤ་ཁྲག་གི་འདྲིས་པ་ཟབ་པའི་རིགས་གཅིག་གི་སྤུན་ཟླ་མང་བོས
ཤ་གསེང་ལ་འདར་ཟུག་རྒྱག་ཞོར
ཡིག་དྲུག་གི་དབྱངས་རྟའི་སྐྱོམས་པའི་ངུ་ངག་དྲོན་མོས
འཛམ་གླིང་གི་ཡུལ་གྲུ་གང་ས་ནས
འདས་གསོན་གཉིས་ལ་གདུང་སེམས་མཉམ་བསྐྱེད་བྱས་དེ
ཡོད་མཁན་ཚོས་དངུལ་སྒོར་སྐུར
མེད་མཁན་ཚོས་གསོལ་བ་བཏབ་ནས
རིགས་ཞེན་གྱི་སྲོག་རྩ་སྲ་མོ
འཛམ་གླིང་གི་མཐོ་སར་གནས་པའི་འདས་གསོན་ཚོར་སྤྲིངས་ཡོད

ཤུལ་ལུས་ཀྱི་གསོན་པོ
ཉམ་ཐག་གི་ད་ཕྲུག གཉེན་བྲལ་གྱི་མི་དམངས
འདས་ཟིན་གྱི་སྤུན་ཟླ་དང་ཉེ་རིང་
ཕྱིར་ཡོང་བྲལ་བའི་ལོ་ཟླ་ཞིག་གིས་ཁྱེར་ཟིན་པས
བྱམས་བརྩེ་ཡི་མི་རིགས ལར་ཞེན་གྱི་དུངས་པ
ཁྲེལ་གཞུང་ཅན་གྱི་མི་རིགས་འདིས
ནམ་ཡང་ ཁྱེད་ཅག་གི་ཆེད་དུ
གསོལ་བ་འདེབས་པ་དང་ རོགས་སྐྱོར་གྱི་ཕྱག་ཟུང་
དྲི་མེད་ཀྱི་ཁ་བཏགས བརྩེ་ཞེན་གྱི་སེམས་པས
ཁྱེད་ཅག་ཁོ་ན་སྐྱོང་ངེས་ཡིན
སེམས་མ་སྐྱོ ང་ཚོ་སྐྱིད་སྡུག་མཉམ་མྱོང་ཡིན
སེམས་མ་ཕམ ང་ཚོ་མགོ་ནག་བོད་མི་ཡིན
སེམས་མ་སྡུག ང་ཚོ་ལ་མ་འོངས་པ་ཡོད
ང་ཚོས་ ཁྱེད་ཅག་གི་ཆེད་དུ་ཅི་འཇོན་བྱེད་ངེས་ཡིན
ང་ཚོས་ རིགས་ཞེན་གྱི་ཆེད་དུ
ནམ་ཡང་ ཁྱེད་ཅག་འདོར་མི་སྲིད

༢༠༡༠ ༤ ༡༨

ང་ཆོ༹་ནམ་ཡང་མཉམ་དུ་ཡོད།

སྨྱུག་རྒོད།


མཐོང་མི་འདོད་པའི་ཁ་སང་དེ་རིང་གི

ཕ་ཡུལ་གྱི་གསར་འགྱུར་འདི་དག
ངས་མིག་འདུན་དུ་ཡང་ཡང་བརྒྱུད་དུས
སེམས་པ་འདི སྔར་བཞིན
ལས་རྒྱུ་འབྲས་དང་གཞན་ཕན
ད་དུང་དྲང་བདེན་ཟེར་བའི་མིང་ཆི༹ག་རྗི༹ག་པོ་འདི་དག་ལ
ཐེ་ཆོ༹མ་ཡང་ཡང་སྐྱེས་ཡོང་
གཞན་ཕན་དང་དྲང་བདེན་ལ་དུང་བའི
ཉེས་མེད་ཀྱི་ངའི་མིང་སྲིང་ཆོ༹ས
ཡང་སྙིང་ཉེ་པ་ཅི་ཞིག་བསགས་སོང་
ཁ་སང་གི་གསར་འགྱུར་དག
དེ་རིང་ལས་གྲོགས་ཆོ༹ར་གླེབ་དུས
ཁོང་ཆོ༹ས་ཕྱིར་མཐོང་མི་འདོད་པའི་འཇུ༹མ་མདངས་ཞིག་ལས
སྙིང་རྗེ་ཟེར་བའི་ཆི༹ག་འདི་ཡང་ཁ་ནས་ཐོན་མ་སོང་
ངས་འདི་དག་ལ་བསམ་བློ་གཏོང་དུས
དུས་རབས་འདིར
སྙིང་རྗེ་དང་དྲང་བདེན་འགྲོ་ས་མེད་པའང་རྟོགས་སོང་
སེམས་ཁོངས་སུ
འཁྱག་སོབ་སོབ་ཀྱི་ཐ་སྙད་འགའ་ལྷོག་ལྷོག་ཏུ་འཕྱུར་ཡོང་ལ
མིང་གོང་ནས
རང་དབང་མེད་པའི་མིག་ཆུ་ཐུགས་པ་འགའ་ཤར་མར་བཞུར་ཡོང་
སྙིང་ཉེ་བའི་སྐྱེ་རྒུ་མདོའི་ངའི་མིང་སྲིང་ཆོ༹
མུན་ནག་གི་དུས་རབས་འདིར
དྲང་བདེན་དང་རྒྱུ་འབྲས་མེད་རུང་
གཞིས་བྱེས་ཀྱི་བོད་མི་ཆོ༹་ནམ་ཡང་
ཁྱེད་ཆོ༹་དང་མཉམ་དུ་ཡོད
སྙིང་ཉེ་བའི་ངའི་མིང་སྲིང་ཆོ༹
བློ་མ་ཕམ རྐྱེན་ངན་འདིས
རེ་ཐག་ཆད་པའི་གཞིས་བྱེས་ལྷན་འཇོ༹མས་ལ
འབོད་སྒྲ་གསར་བ་ཞིག་སྦྱིན་ཡོད་ལ
རྐྱེན་ངན་འདིས
མཐུན་སྒྲིལ་མེད་པའི་སྤྱི་ཆོ༹གས་འདི་ལ
རྡོག་རྕ༹་གཅིག་སྒྲིལ་བྱེད་དགོས་པའི་ཆེ་སྲོག་གི་འབོད་བརྡ་བཏང་ཡོད
དེར་བརྟེན
སྙིང་ཉེ་བའི་སྐྱེ་རྒུ་མདོའི་ངའི་མིང་སྲིང་ཆོ༹
ང་ཆོ༹ས་ནམ་ཡང་ཁྱེད་ཆོ༹་བརྗེད་མི་སྲིད།

༢༠༡༠ ༤ ༡༧ ཉིན།