Thursday, May 6, 2010

སེམས་ཀྱི་ཟབ་ས་ནས ཁྱེད་ལ་མྱ་ངན་ཞུ།

གཏར་གྲི

འཛུམ་མདངས དགོད་སྒྲ རྨང་ནས་གཏོར་བའི་ཕ་གཞིས
བསམ་དབང་དྲན་དབང་མེད་པར་ཤོར་བའི་གཅེས་སྲོག
འདི་དག་ནི་ཁྱེད་ཀྱི་ཆག་འཇིག་ཡིན་ལ
བདག་གི་མྱ་ངན་གྱི་མིག་ཆུ་ལགས་ནའང
སེམས་པ་མ་སྐྱོ བདག་གི་སྤུན་ཟླ་ཚོ

བརྙན་འཕྲིན་གྱི་གསར་འགྱུར་ཁྲོད་ནས
ཁྱེད་ཀྱི་ཁྲག་གིས་སྦགས་པའི་ངོ་གདོང་དག་མཐོང་གི
ཕ་མར་བྲལ་བའི་དྭ་ཕྲུག་དག་གི་ངུ་སྐད་ཐོས་ཀི
ད་དུང བརྙན་ཡོལ་གྱི་རྒྱབ་ན
འགྲམ་པ་ས་ལ་བཞག་པའི་གཅེས་ཕྲུག་ག་ཚོད་ཡོད་དམ
རེ་བ་རླུང་གིས་ཁུར་བའི་ཕ་མ་ག་ཚོད་ཡོད་དམ

ཚང་མས ལོབས་ཕྱོགས་ལྟར
དཔའ་མ་ཞུམ་ཡུལ་ཤུལ་བ ཞེ་མ་ཕམ་ཡུལ་ཤུལ་བ་ཟེར་མོད
དོན་དམ་དུ སྐབས་འདིར་དཔའ་མི་ཞུམ་པའི་མི་ག་ཚོད་ཡོད་དམ
སྐབས་འདིར མིག་ཆུ་མི་འདོན་པའི་མི་ཡང་ག་ཚོད་ཡོད་དམ
ཡིན་ནའང དཀའ་སྡུག་གི་མདུན་ནས་མགོ་བོ་དགྱེ་དང
ཚེ་སྲོག་འདྲ་མཉམ་དུ་བསམ་པའི་མི་བུ་དག་གིས
གཏོང་ཕོད་ཀྱི་སྒོ་མོ་ཁྱེད་ལ་ཕྱེས་ཡོད
བྱམས་སེམས་ཀྱི་སེམས་རྩ་ཁྱེད་ལ་བརླན་ཡོད
མིག་ཆུ་ཁྲག་ལ་འདྲེས་པའི་བདག་གི་ཡུལ་ཤུལ་བ

བདག་གིས་མར་མེ་རྐོང་རིལ་གང་སེམས་ཀྱིས་བསྒྲོན་ནས
ལག་ཟུང་སྙིང་གར་སྦྱར་ནས་སྐྱབས་འཇུག་རེ་ཞུ་བ་ལས་ཅི་ཞིག་ནུས
བདག་གིས་ཞིག་རལ་དུ་གྱུར་བའི་ཁྱེད་ཀྱི་གཞིས་ཤུལ་བལྟས་ཏེ
མིག་ཆུའི་མཆོད་པ་རེ་བཤམས་པ་ལས་ཅི་ཞིག་བྱ

སེམས་ཀྱི་ཟབ་སར་ཐིམ་པའི་བདག་གི་ཡུལ་ཤུལ་བ
གང་ནས་འགྱེལ་ན ཡང་བསྐྱར་དེ་ནས་ལོངས་དང
ཚེ་སྲོག་ཤོར་བའི་ཕ་མ་དང་བུ་ཕྲུག་དག་མེད་ཀྱང
ཁྱེད་ཀྱི་ཚེ་འཇུག་གི་ཕ་གཞིས་དེ་ཡང་བསྐྱར་ཆགས་ངེས

ཡིད་ཆེས་གནོངས་དང
ང་ཚོ་ཚང་མའི་སེམས་རྩ་གཅིག་ལ་བརྟེན་ཡོད
ང་ཚོ་ཚང་མའི་ལག་ཟུང་དམ་དུ་སྦྲེལ་ཡོད
ཤ་རུས་གཅིག་པའི་མིང་སྲིང་ཚོ
༢༠༡༠ ༤ ༢༢ ཉིན།

གང་ལྟར། ང་ལ་ཅི་ཡང་བཤད་མི་དགོས།

བོད་ཡུལ་གྱི་གོད་ཆག་ལ་ཤོར་བའི་སེམས་འཕྲིན།
གློག་ཞགས།

རྒྱུ་མཚན་འདི་དག་གི་དབང་གིས།
འཇིག་རྟེན་འདིར་རྒྱུ་མཚན་ཅི་ཡང་མེད་སོང༌ངམ།
ས་རྡོ་བགད་སོང་བའི་དབང་གིས།
མེ་ཏོག་ངུས་སོང་ལ།
གཙང་ཆབ་ཀྱི་མིག་ཆུ་བཞུར་སོང་།
གང་ལྟར། ཤི་གསོན་གྱི་ལག་རྡང་ཁྲག་གིས་སྦྲེལ་དུས།
ས་ཆེན་ལགས། ཁྱེད་ཀྱི་གྲོད་ཁོག་བརྒྱགས་སོང་ངམ།
ཁྱི་ཁ་སུམས། ང་ལ་ཅི་ཡང་བཤད་མི་དགོས།
ས་རྡོ་བགད་སོང་བའི་དབང་གིས།
ས་ཁང་ཐང་མར་བརྡལ་བའི་བོད་ཁམས་ཀྱི་དུར་ས་ན།
ལྕགས་ཀྱི་རྒྱ་མཁར་མཁའ་རུ་འཛུམ་ཡོད།
དྭ་ཕྲུག་ཚོའི་ངུ་སྐད་དགུང་ལ་འཕྱུར་སོང་ལ།
རྒན་རྒོན་ཚོའི་བླ་སྲོག་གསོན་པོར་འཁྱམས་སོང་།
གང་ཞིག་རྙེད་འདོད་ཀྱིས།
སུ་ཞིག་གིས་ས་ཆེན་ལ་སྤར་ཤུད་རྒྱག་བཞིན་ཡོད་ལ།
གང་ཞིག་མཐོང་འདོད་ཀྱིས།
སུ་ཚང་ག་ལེར་ལྟད་མོར་ཕེབས་ཡོད།
ད་དུང་། སུ་ཞིག་གི་ཟུངས་ཁྲག་གིས་ས་ཆེན་ཟོས་ཡོད་ལ།
གང་ཞིག་ན། སུ་ཞིག་གི་སེམས་པ་དགོད་བཞིན་མྱ་ངན་ཞུས་ཡོད།
བགྲང་ཚད་སྨྱུག་ཁར་མི་ཤོངས་པའི་གདོང་དམར་པའི་བེམ་རོ་ཁྲི་ཕྲག
བཙན་ཤེད་ཀྱིས་བཟོས་པའི་དམྱལ་ཁམས་ཀྱི་དཔལ་ཡོན་འདི་དག
འདི་དག་ཐམས་ཅད།
གོང་མ་སུ་ཚང་གི་འཛུགས་སྐྲུན་གྱི་བྱས་ཉེས་ཡིན་ནམ།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
ས་རྡོ་བགད་སོང་བའི་དབང་གིས།
གངས་རིའི་རྩ་ཆེན་བཅད་སོང་ལ།
ཁ་བ་ཁྲག་གིས་རྨས་སོང་།
རྒྱུ་མཚན་འདི་དག་གི་དབང་གིས།
ལས་དབང་ནི་མར་མེ་རྐང་གཅིག་ཡིན་ན།
འབར་བཞིན་པའི་སེམས་པ་ཁྲི་ཕྲག
ས་ཆེན་འདིའི་ལག་ཡོང་ཡིན་ནམ།
གནས་ལུགས་མེད་ས་ནས།
ངས་ཁྱོད་ལ་ད་དུང་ཉན་དགོས་སམ།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
མིག་ཆུ་སྐམ་སོང་བའི་རྒྱུ་མཚན།
སེམས་པ་དམར་སྲེག་བྱས་པའི་ཚ་གདུང་ཡིན་ན།
འཇིགས་སྐྲག་ནི་མི་ཡུལ་དུ་འཁྲུངས་པའི་ཐན་པའི་མེ་ཏོག་ཡིན་ནམ།
མི་ཚེ་དང་རྨི་ལམ་ལ་བར་ཐག་མི་རྙེད་ས་ནས།
ཁྱོད་ཀྱིས་ང་ལ་ལུང་གཞུང་འདིའི་ནམ་མཁའ་སྟོན་མི་དགོས།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
དྲི་རྟགས། གནས་མལ་བྲལ་བའི་རྣམ་ཤེས་འཁྱམས་པོ།
འགྲེལ་བཤད། ཨུ་ཐུག་པའི་འཚོལ་སྙེག་ཟླུམ་པོ།
མར་མེ་ཞིག་གི་འགུལ་སྟངས་དེ།
ཁུ་སིམ་མེར་བཞག་པའི་སེམས་པ་ཡིན་པ་ཤེས་ཡོད།
གང་ལྟར། ངས་ཅི་ཡང་ཐོས་འདོད་མི་འདུག་ལ།
ང་ལ་ཅི་ཡང་བཤད་མི་དགོས།

ཉིས་སྟོང་བཅུ་ལོའི་སྤྱི་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན།

ཕངས་སེམས་ཀྱི་སྨྲེ་སྔགས།

སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་ཁྲོད་རྐྱེན་འདས་སུ་སོང་བའི་སྤུན་ཟླ་ཚོ་མྱ་ངན་རྗེས་དྲན་དུ་ཕུལ།
དར་ཐང་བ་ཨོ་རྒྱུན་བཀྲ་ཤིས།


ས་ཆེན་པོའི་གཡོ་འགུལ་ཐེངས་གཅིག་གིས
ངའི་སྤུན་ཟླ་གང་མང་གི་གཅེས་སྲོག་ས་ལ་འཕེན
ས་ཆེན་པོར་སྙིང་རྗེ་མེད་ཀྱང
སའི་ལྷ་མོར་དམ་ཚིག་ཡོད་ན
ལྷ་བཙན་པོའི་གདུང་རྒྱུད་འདིར
མགོན་གུ་རུའི་གདུལ་ཞིང་འདིར
ཆག་ཆེ་ཉམ་ང་བའི གོད་ཆག་འདི་བསྐྱལ་དོན་ཅི

མི་མང་པོ་ཞིག་གིས་གོད་ཆག་འདིའི་གྱོང་གུད་དང་ཕངས་སེམས་གླེང་དུས
ངས་འདི་ལྟར་བསམ
སྡུག་བསྔལ་དེ་ལོ་ཟླའི་ཁྲོད་ནས་སངས་འགྲོ་ལ
དཔལ་འབྱོར་ནི་འབད་འབུང་ཁྲོད་ནས་རྙེད་འོང
ཁྱིམ་གཞིའང་སྤུན་ཟླ་མཉམ་རུབ་ཀྱིས་བསྐྱར་སྐྲུན་ཐུབ་ངེས
འོན་ཀྱང བཞུད་ཟིན་པའི་སྤུན་ཟླ་ཚོའི་ཚེ་སྲོག དུས་ནམ་ཡང་ཕྱིར་ཡོང་མེད་ལ
མི་ཡུལ་འདིའི་རྒྱུ་ནོར་གང་གིས་ཀྱང་གཞལ་ཐབས་ག་ལ་ཡོད
སྙན་ངག་པ་ཞིག་གིས
ཡོད་ཚད་ཆོས་ཉིད་ཀྱི་སྡོམ་ཚིག་འཇོག་དུས
ངས་ཆོས་ཉིད་ཀྱི་ཆོས་ཉིད་ལ་འཁང་སེམས་ཤོར
ཆབ་སྲིད་པ་ཞིག་གིས
ཕངས་སེམས་ཀྱི་སྨྲེ་སྔགས་མདོ་ཆེན་གསུམ་གྱི་མིང་གནས་ལ་ཕྱོགས་དུས
ངས་བཞུད་ཟིན་པའི་སྤུན་ཟླ་ཚོ་དྲན་ཞིང
ཁྱེད་ཅག་བཞུད་པའི་གྱོང་གུད་གླེང

སྤུན་ཟླ་ཚོ
ང་ཚོས་ད་དུང་མི་རིགས་ཤིག་གི་རང་དབང་བསུ་དགོས་ལ
མི་ཡུལ་གྱི་བདེན་དོན་འཚོལ་དགོས
མ་མཐའ་ཡང་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ང་ཚོས་བསུ་དགོས
འོན་ཀྱང ས་ཆེན་པོའི་གཡོ་འགུལ་ཐེངས་གཅིག་གི་ཁྲོད་ནས
ངའི་སྤུན་ཟླ་མང་པོ་ཞིག་འདི་ལྟར་བཞུད་སོང
ངུ་འབོད་དང་སྨྲེ་སྔགས་ཀྱིས་ཁེངས་པའི་ཁྱེད་ཅག་གི་ཤུལ་ལམ་ནས
ངས་ང་ཚོ་གངས་ཅན་པའི་བྱམས་སེམས་དང་དུང་བ་དེ་མཐོང་སོང་ལ
ལ་རྒྱ་དང་ཞེན་ཁོག མཐུན་ལམ་དང་གཅིག་སྒྲིལ་དེ་མཐོང་སོང་
དེ་བས སྤུན་ཟླ་ཚོ་བདེ་བར་བཞུད་དང
ང་ཚོས་ཁྱེད་ཅག་གི་ཤུལ་ལམ་ནས
ཁྱེད་ཅག་གི་ཁྱིམ་གཞི་དང་ང་ཚོ་ཐུན་མོང་གི་ཕ་གཞིས་བསྐྱར་སྐྲུན་བྱ་བར
ངས་ང་རྒྱལ་དང་སྤོབས་པའི་ངང་ནས་བརྗོད་རྒྱུ་ཡིན།
ཕྱི་ལོ་༢༠༡༠་ཟླ་༤་ཚེས་༢༥ལ།

མིག་ཆུ་དང་ལྷན་བཞུར་བའི་ན་ཟུག

སྐྱེ་རྒུ་མདོའི་སྤུན་ཟླ་ཚོར།
དབུས་ཕྲུག་ཚེ་རིང༌།

མི་རྟག་རླུང་གིས་དྲག་ཏུ་སྐུལ་དུས་ས་ཆེན་སྙིང་གི་འཕར་རྩ་ལྡིང༌།།
ཆེན་པོར་རློམ་པའི་རི་བྲག་མཚོ་ཡང་དེ་ཡི་ཞབས་འོག་སྐད་ཅིག་ནུབ།།
ལྷ་ཀླུ་གཞིས་བདག་ཇི་ལྟར་མང་ཡང་རྫུ་འཕྲུལ་སྟོན་པའི་ནུས་སྟོབས་ཞན།།
འདི་ནི་རྟེན་འབྲེལ་གོ་ལུགས་ཡིན་ན་མཐུ་དང་ནུས་པའི་སྒྲོ་མ་འདོགས།།

བྱམས་དང་སྙིང་རྗེ་གླེང་ཐབས་བྲལ་བའི་ས་ནག་མཆེ་བ་བགྲད་ཡོང་དུས།།
ས་དང་གནམ་ལ་རླུང་བཞིན་རྒྱུ་བའི་ཚན་རིག་རྒོད་པོ་འདི་རྣམས་ཀྱང༌།།
རྒྱ་སྟག་ངར་མོའི་མདུན་ན་ལུས་པའི་མདང་སྐྱེས་བེའུ་ཆུང་ངུ་བཞིན།།
གནམ་ས་གཉིས་ཀྱི་གཡོས་སྦྱོར་འདི་འོག་རང་ཚུགས་ཤོར་ཚུལ་འདི་ལྟར་ལགས།།

དཔལ་དང་འབྱོར་པས་གླིང་ལྔ་འགུག་ཅེས་དུང་གི་སྒྲ་དབྱངས་རྒྱུན་མི་ཆད།།
མཐོ་དང་དམའ་ཡི་མི་ལུས་ཀུན་ལ་སྙོམས་པོར་སྤྱོད་ཅེས་འུར་གྱིས་འདོན།།
བདེན་དང་རྫུན་པའི་ཁ་ཚོན་གཅོད་པར་ཁྲིམས་ཀྱི་ར་བ་མི་དགོས་ཀྱང༌།།
མིག་དང་རྣ་ཡིས་རིག་ཚུལ་འདི་ཡིས་གནས་ལུགས་གང་ཡིན་རྗེན་པར་འཆར།།

འུར་འུར་ལྡང་བའི་སྐད་སྒྲ་འདི་ཡིས་ཉམ་ཆུང་མི་ཡི་སྙིང་རྩ་གཅོད།།
ཐལ་རྡུལ་རླབས་ཀྱི་ཟེགས་མ་འདི་འོག་རང་རིགས་སྤུན་ཟླ་གྲངས་མེད་སོང༌།།
ཁང་བརྩེགས་ཞིག་རོའི་བར་དང་གསེང་ནས་ངུ་ངག་སྐྱེན་པོ་སྒྲོག་ཐེངས་རེར།།
མིག་དང་མིག་ཆུ་གཅིག་ཏུ་མ་འདྲེས་སྙིང་ཁམས་ཅན་ཞིག་གང་ན་ཡོད།།

དུས་ཀྱི་འགྱུར་བག་སྣང་མུན་ཇི་བཞིན་གཡས་ནས་ནུབ་ཀྱང་གཡོན་དུ་འཆར།།
མི་ཡི་སྐྱིད་སྡུག་དུས་ཀྱི་འགྲོས་བཞིན་རྟག་བརྟན་ཐེར་ཟུག་གང་ན་ཡོད།།
ཤུལ་དུ་ལུས་པའི་སྤུན་ཟླ་རྣམས་ཀྱང་སྐྱོ་གནས་འདི་ལས་མྱུར་གྲོལ་ཆེད།།
གང་ན་འདུག་པའི་རང་རིགས་རྣམས་ཀྱིས་གློ་སྙིང་དྲོན་མོ་ཁྱེད་ལ་གཏོད།།

ཁྲག་དང་མིག་ཆུ་ལྷན་དུ་བཞུར་གྱིན་ལྷ་དང་བླ་མར་གསོལ་འདེབས་ཀྱིན།།
མེ་དང་དུད་པ་དགུང་དུ་འཕྱུར་གྱིན་ཆོས་ལུགས་ཆོ་གའི་གདུང་དབྱངས་ཁྲོད།།
འདི་དང་ཕྱི་མའི་ལམ་ཞིག་ཡོད་ན་དག་པའི་ཞིང་ཞེས་གནས་མཆོག་ན།།
རྒྱུ་འབྲས་རློམ་པའི་སེམས་པ་འདི་ཀོ་སྐད་ཅིག་ཉིད་དུ་འདྲེན་པར་ཤོག།