Tuesday, April 20, 2010

འབེལ་རྩོམ་མེ་ལྕེ་དགུ་མཆེད།

བོན་རྒྱ་བསྟན་འཛིན་རབ་རྒྱས།

གཡག་ལ་སེར་བོ་གོང་ཁ་བརྒལ་བ་ན། །
འབྲི་ཆུ་སྔོན་མོ་ཐད་ཀྱིས་བཅད་པ་ན། །
ས་ཆེན་གོང་བ་ཡིན་པའི་ཡུལ་ལྗོངས་སྟེ། །
དགའ་བ་སྐྱེ་རྒུའི་ཐུ་ལ་འབྱོར་ཚོད་ཡིན། །

འདི་ནས་ལོ་རྒན་བཅུ་ཡི་ཡར་སྔོན་དུ། །
རྒ་བ་སྐྱེ་རྒུར་ཐེངས་འགར་སོང་ན་ཡང་། །
ཁྲོ་ཐུང་སྒར་ས་ཡིན་པའི་གཏམ་རྒྱུད་ལས། །
སྤུན་ཟླའི་དུར་ས་ཡིན་པ་མ་ཤེས་ཐལ། །

ལྷུན་ཆགས་རི་དང་མཛེས་པའི་བྲག་རི་དང་། །
དྭངས་གཙང་ཆུ་མོ་ཀྱ་ཀྱུར་འབབ་པ་སོགས། །
ལྷ་ཡི་བརྩེ་བ་ཡིན་པའི་སྣང་བ་ལས། །
གཤིན་རྗེ་ལག་པ་ཡིན་པ་མ་ཚོར་རོ། །

བྱིས་པ་དབང་ལོག་མལ་ལས་མ་ལྡང་གོང་། །
ཉི་མའི་བརྩེ་བ་ས་ལ་མ་ཕོག་གོང་། །
བདུད་ཀྱི་ཉུལ་མ་ཡིན་པའི་སྲིན་པོ་ཁྱོད། །
ཁྲོ་གཉེར་འདི་ལྟར་བསྡུ་བ་ག་ལ་རྟོགས། །

ས་ཡོམ་ཟེར་བའི་སྲིན་པོ་ལག་རིང་ཁྱོད། །
གཙང་ཆེན་རབ་ཁ་ཐོལ་གྱིས་བརྡོལ་བ་བཞིན། །
ཁང་བརྩེེགས་རྟ་ཁྱུ་བཞིན་དུ་འདེད་དུས་སུ། །
མི་ཚོགས་ནས་སྔོན་བཞིན་དུ་བརྔོ་དུས་སུ། །

ཡུལ་ལྷ་གཞི་བདག་ཟེར་བའི་སྐྱག་གཟན་ཚོ། །
མེ་ལྷ་རླུང་ལྷ་ཟེར་བའི་འདྲེ་རྒན་ཚོ། །
རྒྱ་དམར་གུང་ཁྲན་ལའང་མ་འགྲན་ན། །
སྨན་པ་ཐེབས་ཆག་ཅིག་ལའང་མ་ཞོག་ག །

ལྡོག་མེད་ལས་ཀྱིས་ས་བ་འཛམ་བུ་གླིང་། །
ལས་ངན་འཕང་འབྲས་ཡིན་པའི་ཁ་བ་ཅན། །
ལས་ལན་ཅི་ཞིག་ཆད་སོང་སྐྱོ་བ་ལ། །
བསགས་པ་ཅི་ཞིག་སྡུག་སོང་ནོངས་བ་ལ། །

ཕ་མའི་པང་ནས་བུ་ཆུང་བཀོག་ནས་སོང་། །
བུ་ཆུང་ཁ་ནས་ནུ་མ་བཅད་ནས་སོང་། །
ས་ཡི་སྙིང་རྩིད་བསུག་འབལ་བྱས་ན་ཡང་། །
བདག་གི་སྙིང་ནད་ཇི་ལྟར་སངས་དགོས་སམ། །

མིག་ཁ་མཆི་མས་རབ་རིབ་བྱས་ན་ཡང་། །
སྙིང་ཁ་རླུང་གིས་གཡུག་གཡུག་བྱས་ན་ཡང་། །
འབྲོང་རྒོད་བདག་པོ་ཡིན་པའི་སྤུན་ཟླ་ཀྱེ། །
དམར་པོ་རྒྱ་ཡི་སྔུན་ནས་དཔའ་མ་ཞུམ། །

འདུ་འབྲལ་སྐྱེ་འཆི་འཁོར་བའི་རང་མདངས་དང་། །
དངོས་པོ་སོ་ན་མེད་པའི་གཏན་ཚིགས་སོགས། །
ཆོས་ཀྱི་བསླབ་བྱ་དག་ཀྱང་དྲན་མཛོད་དང་། །
རྐྱེན་ངན་ལམ་འཁྱེར་བྱེད་ལ་ཅུང་ཙམ་ཕན། །

ཉི་ཟླ་དཔང་དུ་འཇོག་ལ་མནའ་ཞིག་བསྐྱལ།
ལྷ་ཡི་གཅེས་ཕྲུག་ཡིན་པའི་སྤུན་ཟླ་ཚོ། །
དམ་པ་དཀོན་མཆོག་གིས་ཀྱང་མ་སྐྱབས་ཐལ། །
སྐྱབས་འགྲོ་གསོལ་འདེབས་ཀྱིས་ཀྱང་མ་ཕན་ཐལ། །

འུ་ཅག་དད་པ་ལོགས་པ་མ་རེད་དེ། །
དཀོན་མཆོག་ནུས་མཐུ་མེད་པ་མཐོང་སོང་ང་། །
ལས་འབྲས་དྲང་བོ་མིན་པ་རིག་སོང་ང། །
ད་ནི་དྲང་དོན་བཤད་ཀྱང་མ་ཕན་ན། །

རྩིབས་རུས་བྲང་ལ་སྦྱར་བ་རིག་སོང་ང་། །
གློ་སྙིང་ཕྱི་ལ་བཏོན་པ་མཐོང་སོང་ང། །
མགོ་ཁྲག་སྙིང་ཁྲག་མཉམ་དུ་གཏོར་སོང་ང་། །
མི་འདོད་གདུག་རྩུབ་ང་ཚོར་བཏང་སོང་ང། །

ནམ་མཁའ་རྡིབ་ཀྱང་ས་གཞི་འཐོར་དུས་ཀྱང་། །
ཆོས་སྐྱོང་ཞེས་པའི་འབོད་ས་མེད་སོང་ན། །
དཀོན་མཆོག་ཅེས་པའི་སྐྱོབས་མཁན་མེད་སོང་ན། །
བདག་ཉིད་བདག་གི་མགོན་པོ་ཡིན་སོང་ང་། །

ཁོག་གི་སྙིང་ཆུང་ཡིན་པའི་སྤུན་ཟླ་ཀྱེ། །
སྙིང་ལ་གས་ཁ་ཤོར་བའི་སྡུག་བསྔལ་འདིས། །
གློ་ལ་རྡེག་ཅིང་སྙིང་ལ་བསྣུན་ན་ཡང་། །
བཙན་པོའི་སྙིང་སྟོབས་མ་འདོར་ཨ་མའི་བུ། །

ཉེས་པ་ཆུང་ངུས་མིག་ཆུ་ཤུར་རུ་རུ། །
འཇིགས་པ་ཕྲ་མོས་སྙིང་ཆུང་འདར་ར་ར། །
རྒྱ་དང་སྡར་མའི་གཤིས་ཀ་མ་སྟོན་རོགས། །
གནད་ལ་ཐུག་དུས་བུ་རྟགས་སྟོབས་ཀྱིས་ཞོགས། །

ཁྱེད་ཅག་སྙིང་ལ་བུ་ག་ལོས་ཡོད་དེ། །
སྡར་མ་རྒྱ་ཡི་རིགས་དག་ཧང་སང་བ། །
ཕྱི་རབས་འཛམ་བུ་གླིང་ཡང་ངོ་མཚར་བ། །
བྱང་ཆུབ་སེམས་བསྐྱེད་བྱས་པའི་རྟགས་ཤིག་སྟོན། །

ས་མཐར་དྲོད་ཁོལ་མེད་པ་དེ་ཡི་སྟེང་། །
གསོན་པོར་ཁ་འཐོར་ཡོད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱེད་པའི་ངང་ཚུལ་འདིས། །
བདག་གི་བྲང་གཞོང་གདུང་བས་བསྲེག་དང་ཐལ། །

རང་ས་རང་ལ་མེད་པ་དེ་ཡི་སྟེང་། །
ཕ་མར་མཉམ་དུ་མེད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱས་པའི་གོད་ཆག་འདིས། །
བདག་གི་བྲང་གཞུང་བསྲེག་ཅིང་གཞོབ་ཐལ་ཡ། །

དམར་པོའི་གདུག་རྩུབ་ལྕི་བ་དེ་ཡི་སྟེང་། །
བླ་སློབ་ཁ་ཁར་ཕྲལ་བ་འདི་ཡི་སྟེང་། །
རང་ས་དགྲ་རུ་ལངས་པའི་ངང་ཚུལ་འདིར། །
བདག་སེམས་ཤིན་ཏུ་སྐྱོ་སོང་གནམ་རྒན་མ། །

གོད་ཆག་ཆུ་བོ་བཞིན་དུ་བྲུག་ཤོག་ཡ། །
ལན་ཆགས་འབྲས་སྐྲན་བཞིན་དུ་སྨིན་ཤོག་ཡ། །
ནམ་མཁའ་སྔོན་མོ་ད་ལྟ་རྡིབ་ཅིག་ཡ། །
ས་གཞི་ལེབ་མོ་ད་ལྟ་གས་ཤིག་ཡ། །

གཤིན་རྗེ་ཟེར་བའི་ཁྲེལ་མེད་གཏུམ་པོ་ཁྱོས། །
བསྟན་རབ་སྨྱོན་པ་ད་ལྟ་ཁྲིད་ཅིག་ཡ། །
གདོང་ལ་མཛུབ་མོ་ཚུགས་དང་བཤད་རྒྱུ་ཡོད། །
གནས་ལུགས་གྲངས་ཀ་དྲིས་དང་བརྩི་རྒྱུ་ཡོད། །

བོད་སྐྱེ་དགུ་མདོ་རུ་ས་ཡོམ་བྱུང་བའི་ཉིན་གཉིས་པ་སྟེ་སྤྱི་ལོ༢༠༡༠ཟླ༠༤ཚེས༡༦ཉིན་བརྙན་འཕྲིན་ནང་གི་གནས་ཚུལ་དག་ལ་བལྟས་ཀྱིན་བལྟས་ཀྱིན་སྙིང་ལ་ཟུག་གཟེར་ལངས་ཤིང་། ཅི་བྱ་བརྟོལ་བྲལ་གྱི་ཚོར་སྣང་ཤིག་གིས་ལུས་སེམས་ཡོངས་སུ་རྫོགས་པ་མེ་ནང་ན་ཡོད་པ་དང་། ཚེར་མའི་གདན་ན་ཡོད་པ་ལས་ཀྱང་མི་བདེ་བ་ཆེན་པོ་ཞིག་བྱུང་རྐྱེན་འཕྲལ་དུ་གློག་ཀླད་ནང་གཏགས་པའོ། །

མིག་ཆུའི་ནང་གི་ཡུལ་ཤུལ།

ཆོས་ཤུལ་གསང་བདག

ས་གཞིའི་འགུལ་འདར་ཐེངས་ཤིག་གིས
ཚེ་སྲོག་གྲངས་མེད་ལ་ཀུ་རེས་རྩེས་སོང་
ཀུ་རེས་རྩེད་པ་ག་ལ་ཡིན་སྲིད
ས་གཞི་ལགས འདོད་ཁམས་ལགས

མིག་ཆུའི་ནང་དུ་བཞུར་ཚེ་སྲོག
ཚེ་སྲོག་གི་རྒྱུ་བ རྣམ་ཤེས་སུ་འཁྱུད་པའི་དུས་སུ
སྐྱབས་འཇུག་གི་ཞུའམ འོ་དོད་འདོན
སྙིང་ཉེ་བའི་སྤུན་ཟླ་མིང་སྲིང་ཚོ

ས་གཡོམ་ཐེངས་ཤིག་གིས་བཞག་པའི་མྱ་ངན
མཆོད་མེ་རུ་སྦར་བའི་མྱ་ངན་ཞུ་ཚིག་དག
ཁྱེད་ཚོའི་མདུན་དུ་བཀྲམས་ཡོང
ཆེས་ཐག་རིང་གི་སྤུན་ཟླ་མིང་སྲིང་ཚོ

ང་ཡི་སྙིང་ཁར་འཐིམ་བཞིན་པའི་ཤ་ཉེ་སྤུན་མཆེད་ཚོ
ས་ཡི་གོ་ལའི་འཇིགས་ཟིལ་ཐེངས་ཤིག་གིས
འུ་ཚོར་མཆི་མ་འདོན་དུ་བཅུག་སོང
འུ་ཚོར་འོ་དོད་འཆོར་དུ་བཅུག་སོང

ཡོམ་ཡོམ་འགུལ་བའི་ས་གཞི
སྲོག་དབང་གི་བདག་པོ་ཡིན་ནམ
འདར་སིག་སིག་གཡོ་བའི་ས་ཡི་གོ་ལ
ཉེས་མེད་ཀྱི་ཚེ་སྲོག་གི་གཉེན་པོ་ལགས་སམ

བརྙན་འཕྲིན་མདུན་ནས་ཤོར་བའི་མིག་ཆུ
མིག་ཆུ་ལུང་བ་གང་བོ
ཁྱོད་ཚོ་དང་མཉམ་དུ་ཡོད་པར་སྨོན

གློག་ཀླད་སྔུན་དུ་བཞུར་བའི་མཆི་མ
མཆི་མ་ཕོར་བ་གང་བོ
ཡུལ་ཤུལ་དུ་བབས་པའི་ཁ་བ་དེ་ཡིན་སྲིད

ཡུལ་ཤུལ་གྱི་སྤུན་ཟླ་མིང་སྲིང་ཚོ
ང་རང་ཁྱེད་ཚོ་དང་མཉམ་དུ་ཡོད
དཀོན་མཆོག་ཁྱེད་ཚོ་དང་བཞུགས་སྲིད

ཡུལ་ཤུལ་གྱི་སྤུན་ཟླ་མིང་སྲིང་ཚོ
ང་ཡི་སྨོན་འདུན་ཁྱེད་ཅག་གི་ཡིན
ཁྱེད་ཚོའི་མིག་ཆུ་ང་ཡི་ཡིན་ཡང་སྲིད

༢༠༡༠ལོའི་ཟླ༤པའི་ཚེས༢༠ཉིན་ཡུལ་ཤུལ་ས་འགུལ་སྐོར་གྱི་བརྙན་འཕྲིན་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་སྡུག་སྟེ་མིག་ཆུ་དབང་མེད་དུ་ཤོར་བའི་རྗེས་ཀྱི་ཚོར་སྣང་ཐད་ཀར་སྦྱར་བ།

414 ལ་བླངས་པའི་མགུར།

གནམ་ལྕགས།


ས་དང་གནམ་གྱི་བར་ནས་དབྱིངས་དབུགས་འཐོར་ཏེ།།
རི་དང་ལུང་བ་འགུལ་ཙམ་འགུལ་ཙམ་བྱས་ནས།།
བདག་གི་སྤུན་ཟླ་མང་བོའི་ཚེ་སྲོག་ཤོར་བས།།
གདུང་བ་སྙིང་ལ་འཐབ་པའི་མགུར་འདི་བླངས་སོ།།

ཚེས་པ་བཅུ་བཞི་ཉིན་གྱི་ཞོགས་པ་སྔ་མོར།།
མལ་ལས་ལྡང་སྟེ་ལས་ཁུངས་ཕྱོགས་སུ་ཡོང་དུས།།
ལྟས་ངན་ཁ་པར་འདི་ཡི་སང་སྒྲ་གྲག་ནས།།
མི་སྙན་གཏམ་ངན་འདི་ཡི་གསར་འགྱུར་བཤད་སོང་།།

རྣ་ཅོག་འཇོར་བོ་རང་གི་འགུལ་ལ་ཐོགས་ཀྱང་།།
ཐོས་པའི་གཏམ་ངན་འདི་ལ་ཡིད་ཆེས་མ་བྱུང་།།
ད་དུང་བསྐྱར་དུ་ཐོས་པའི་ལས་ལ་འབད་ནས།།
ཁ་པར་ཨང་གྲངས་མང་བོ་གང་སར་མནན་ཏོ།།

མི་སྙན་གཏམ་ངན་ཐམས་ཅད་ཕལ་ཆེར་བདེན་ཏེ།།
ད་རེའི་ཡུལ་ཤུལ་གོད་ཆག་ཆེན་པོ་བདེན་འདུག།
དེ་ནས་བཟུང་སྟེ་སྐར་ཆ་རེ་རེའི་ནང་ལ།།
ཇེ་ངན་ཇེ་སྡུག་གཅིག་འཕྲོར་གཉིས་ཀྱིས་སླེབས་བྱུང་།།

ལས་དང་རྒྱུ་འབྲས་ཟེར་བའི་གཏམ་ཞིག་ཐོས་ཐལ།།
རྐྱེན་དང་བར་ཆད་ཟེར་བའི་སྐད་ཅིག་གོ་ཐལ།།
ཡུལ་ཤུལ་མི་མང་ཤི་བའི་རོ་ཚོགས་མཐོང་དུས།།
ལས་དང་རྒྱུ་འབྲས་འཁོར་ས་ནོར་རམ་སྙམ་མོ།།

གོད་ཆག་གོད་ཆག་ཟེར་བ་འདི་འདྲ་ལོས་ཡིན།།
ད་རེའི་གོད་ཆག་འདི་འདྲ་ཡོང་རྒྱུ་ཆེ་ཡོད།།
སྤུན་ཟླ་གྲངས་མེད་འདས་པའི་གསར་འགྱུར་མཐོང་དུས།།
སྙིང་ལ་འཐབ་པའི་མཆི་མ་མིག་ནས་འཐོར་འགྲོ།

ཕ་དང་མ་ཡི་བྱམས་བརྩེའི་དྲོད་འཁོལ་བོར་ཐལ།།
བུ་དང་བུ་མོ་འཕེལ་བའི་སྤྲོ་སྐྱིད་བརླག་ཐལ།།
བཟའ་ཚང་མགོ་ལུས་འཛོམས་པའི་ཁྱིམ་ཚང་དེ་ཉིད།།
སྒྱུ་མའི་ཨར་འདམ་འཐོར་བའི་ཕུང་བོར་གྱུར་ཐལ།།

འབད་འབད་རྩོལ་བས་བསགས་པའི་རྒྱུ་ནོར་དེ་ཡང་།།
ད་ནི་རྡུལ་ཙམ་འཁྱེར་དབང་མེད་པར་གྱུར་ཐལ།།
བྱམས་བརྩེའི་དྲོད་ཀྱིས་བསྐྱངས་པའི་བུ་ཕྲུག་དེ་ཡང་།།
འགྲོ་ཁར་བདེ་མོ་ཙམ་ཡང་འཇོག་ཁོམ་མེད་སོང་།།

ད་ནི་མགོ་ནག་བོད་ཀྱི་ཐོག་ལ་བབ་པའི།།
སྡུག་བསྔལ་འདི་ལ་སངས་པའི་དུས་ཤིག་ཡོད་དམ།།
ན་ནིང་མེ་འདས་བསད་པའི་སྡུག་གི་སྟེང་ལ།།
ད་ལོར་འབྱུང་བས་གསོད་འདི་བཟོད་ཐབས་མི་འདུག།

སྐྱིད་སྡུག་གནམ་གྱི་ལག་ཅེས་ཕར་ལ་བསྟུན་ན།།
གནམ་རྒན་མས་ཀྱང་ཚུར་ལ་སྡུག་པོ་གཏོང་གི།
གནམ་སའི་བར་ལ་འཚང་བའི་འགྲོ་བ་རིགས་དྲུག།
ད་ནི་གདུང་སེམས་མཉམ་སྐྱེད་བྱེད་ལ་ཐུག་ཡོད།།

རི་དང་ལུང་བ་འགུལ་བའི་ལྟས་ངན་བྱུང་ཐལ།།
ས་རྡོ་རྦབ་དུ་སྙིལ་བའི་གོད་ཆག་བྱུང་ཐལ།།
བྲོས་ན་ཐར་བ་མེད་པའི་འཇིག་རྟེན་འདི་ན།།
སྐྱོབས་པའི་ལྷ་ཞིག་ཡོད་ཚེ་དེ་རིང་དགོས་འདུག།

མ་ཎིའི་དབྱངས་ཀྱིས་བོད་ཁམས་ཧྲིལ་བོ་གཡོགས་ཐལ།།
འོ་དོད་སྐད་ཀྱིས་ས་ཡི་གོ་ལ་ཁྱབ་སོང་།།
དུས་ངན་འདི་འདྲ་བོད་ལ་བྱུང་རྒྱུ་ཡོད་ན།།
བདེ་སྐྱིད་ཅིག་ཀྱང་བོད་ལ་ཡོང་རྒྱུ་ལོས་ཡོད།།

རོ་ཡི་ཕུང་བོའི་སྟེང་ལ་སྣུམ་ཞག་བླུག་ནས།།
མེ་ལ་སྒྲོན་པའི་དུར་འཇུག་མིག་གིས་མཐོང་ན།།
འདི་ནི་རྨི་ལམ་ཡིན་ནམ་མངོན་གསུམ་ཡིན་ཞེས།།
རང་གིས་རང་ལ་དྲི་བའི་ཐོས་ཚོམ་ཆེའོ།།

ནད་དང་མུ་གེ་འབྱུང་བ་འཁྲུག་པ་འདི་འདྲ།།
ཡོང་རྒྱུ་ཡོད་པ་སྔར་ནས་ཤེས་པ་ལགས་ཀྱང་།།
འདི་ལྟར་མངོན་གསུམ་བབ་པ་མཐོང་བར་གྱུར་ཚེ།།
གློ་དང་མཆིན་པའི་སྟེང་འོག་ཡང་ཡང་བརྗེ་བྱུང་།།

རྐྱེན་ངན་བར་ཆད་འདི་ཡི་སྡུག་བསྔལ་བསམ་ནས།།
ལུས་དང་སེམས་ཀྱི་འབྲེལ་ཐོགས་སེམས་ཅན་སུ་ཡིན།།
བསྔགས་པར་འོས་པའི་མཆིད་པོ་གནམ་ལྕགས་གཞོན་ནུས།།
གནས་མཆོག་དམ་པ་རྡ་རམ་ས་ནས་བླངས་སོ།།

མགུར་འདི་སྐད་ཅེས་བླངས་ནས་རང་གི་སེམས་ཀྱི་སྡུག་བསྔལ་སངས་པའི་གྲོགས་སུ་རེ་བའི་དུས་ནི་ཡུལ་ཤུལ་ས་ཆར་རང་བྱུང་གི་གོད་ཆག་ཐེབས་ནས་ཉིན་དྲུག་འདས་པའི་དུས་སུ་ཤི་གསོན་ཐམས་ཅད་ལ་སེམས་གསོ་ཞིག་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུའོ།།
༢༠༡༠ ༤ ༢༠

སྐྱོ་གདུང་གི་ཁྲོད་ཀྱི་ངར་ཤུགས།

དགེ་བཤེས་བསྟན་པ་བཀྲ་ཤིས།

ཀྱེ་མ།
གོད་ཆག་གི་ཉིན་མོ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
སྐྱོ་སྣང་གི་མིག་ཆུ་རེ་རེ་འཐོར་མྱོང།།
གོད་ཆག་གི་ས་ཁུལ་རེ་རེའི་ནང་གི།།
བསད་རྨོས་ཀྱི་འདྲ་གཟུགས་རེ་རེས།།
སྐྱོ་གདུང་གི་ན་ཟིག་རེ་རེ་སྦྱིན་སོང་།།
ཀྱེ་མ། འདི་ནི་རང་བྱུང་གི་གནོད་འཚེ་རེད།
འདི་ནི་ལྡོག་ཐུབ་མེད་པའི་རང་བྱུང་གི་གོད་ཆག་རེད། འདི་ནི་ཚེ་སྔོན་དུ་བསགས་པའི་ལས་དབང་རེད།
ཨེ་མ།
གོད་ཆག་གི་ཉི་མ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
ལྷག་བསམ་གྱི་བགྱིད་སྒོ་རེ་རེ་མཐོང་སོང་།།
བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་བའི།།
བོད་རིགས་ཀྱི་བཅོས་མིན་ལ་རྒྱ་རེ་རེས།།
གསོན་ཤུགས་ཀྱི་ངར་ཆུ་རེ་རེ་སྦྱིན་སོང་།།
ཨེ་མ། འདི་ནི་མི་རིགས་ཀྱི་སྤྱོད་བཟང་རེད།།
འདི་ནི་འགོག་ཐུབ་མེད་པའི་མི་བོད་རིགས་ཀྱི་སྤྱོད་བཟང་རེད།
ཨེ་མ། འདི་ནི་བྱམས་དང་སྙིང་རྗེའི་རིན་ཐང་རེད།

བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་།

རང་བྱུང་གི་གོད་ཆག་འོག་ནས།།
ཚེ་སྲོག་གི་རྒྱུན་ཐག་ཆད་དེ།།
ཕྱི་མ་ཡི་ལམ་ལ་ཞུགས་མཁན།།
འཁྲུལ་སྣང་གི་འཇིགས་སྐྲགས་མ་བྱེད།།

རིས་མེད་ཀྱི་སྐྱེས་ཆེན་དུ་མའི།།
དམིགས་མེད་ཀྱི་བརྩེ་བའི་དབྱིངས་ནས།།
དྲི་མེད་ཀྱི་བསྔོ་སྨོན་བཟང་པོ།།
ཁྱེད་ཅག་གི་ཆེད་དུ་བསྔོས་ཡོད།།

ཆོས་ལྡན་གྱི་སྐྱེ་བོ་རྣམས་ཀྱི།།
ཡིག་དྲུག་གི་དབྱངས་རྟ་སྙན་མོ།།
སྣང་གསལ་གྱི་མར་མེ་ལྷན་དུ།།
ཁྱེད་ཅག་གི་རྫོང་བར་ཕུལ་ཡོད།།

རང་བྱུང་གི་གོད་ཆག་འོག་ནས།།
ལུས་སེམས་ཀྱི་རྨ་ཁ་ཆེ་བའི།།
ཡུལ་ཤུལ་གྱི་ཤུལ་ལུས་མི་མང།།
དཔའ་ཞུམ་གྱི་མྱ་ངན་མ་བྱེད།།

རྒྱལ་ཁབ་ཀྱི་བཀོད་འདོམས་འོག་གི།།
ལྷག་བསམ་གྱིས་དང་དུ་བླངས་པའི།།
མྱུར་སྐྱོབས་ཀྱི་རུ་ཁག་མང་པོས།།
ངལ་མེད་ཀྱི་ལས་དོན་སྒྲུབ་བཞིན།།
ཁྱེད་ཅག་གི་གནས་དེར་བསྡད་ཡོད།།

ཕྱི་ནང་གི་བོད་རིགས་ཡོངས་ཀྱིས།།
སྙིང་རྗེ་ཡི་ཕྱག་ཟུང་སྐྱོངས་བཞིན།།
བརྩེ་སེམས་ཀྱི་ཐུགས་ཁུར་ཆེན་པོ།།
ཁྱེད་ཅག་གི་ཕྱོགས་ལ་བཅངས་ཡོད།།

༢༠༡༠ ༤ ༢༠

ས་ཡོམ་ཁྲོད་ཀྱི་བོད།

འཆམ་ར་དྲི་མེད་རྒྱལ་མཚན།

ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
སེམས་ཁོང་གི་ན་ཟུག་ལྷ་ཡིས་གཟིགས་དང་།།
མི་གསོན་པོ་ས་རྡོའི་འོག་ལ་མནན་སོང་།།
ཁྲག་གིས་ས་གཞི་ཚོས་བྱུང་། མི་རོས་ལུང་བ་གང་བྱུང་།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྐྱབ་ཏུ་གསོལ། སྐྱབ་ཏུ་གསོལ
ས་ནག་པོ་ལ་སྙིང་རྗེ་མི་འདུག མི་གཉོབ་ཆུང་ལ་མགོན་སྐྱབས་མི་འདུག
སྙིང་དམར་པོ་རྡོ་ལུས་རྡུང་བྱུང་།།
རྣམ་ཤེས་གངས་ལ་འཁོར་སོང་།།
གངས་རི་མིག་ཆུ་ཤོར་བྱུང་།།
བོད་མགོ་ནག་མི་ཡི་ཟུངས་ཁྲག་རྒྱ་མཚོའི་གཏིང་ལ་བསྐྱིལ་སོང་།།

ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
མི་ཡུལ་གྱི་སྡུག་བསྔལ་ལྷ་ཡིས་གཟིགས་དང་།
བོད་མི་རིགས་སྒལ་ཚིགས་ས་དགྲས་བཅག་བྱུང་།
གངས་དཀར་རྩེ་ནས་ཉིལ་བྱུང་།
རུས་པའི་རི་བོ་ཆགས་བྱུང་།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྐྱབ་ཏུ་གསོལ། སྐྱབ་ཏུ་གསོལ།
ས་ནག་པོ་ལ་ངོ་ཚ་མི་འདུག མི་གཉོབ་ཆུང་ལ་རང་དབང་མི་འདུག
སྙིང་དམར་པོ་རྡོ་ལུས་རྡུང་བྱུང་།།
རྣམ་ཤེས་གངས་ལ་འཁོར་སོང་།།
གངས་རི་མིག་ཆུ་ཤོར་བྱུང་།།
བོད་མགོ་ནག་མི་ཡི་ཤ་རུས་ས་གཞིའི་གཏིང་ལ་སྦས་སོང་།།

༢༠༡༠ ༤ ༡༩