Sunday, April 25, 2010

སེང་རྡོར་གྱི་སྙན་ངག་གསར་བ།

ད་རེས་ཀྱི་ས་འགུལ་འདི་ཙམ་ལ་དབང་ཆ་དང་སྒོར་མོ་ཡོད་ན་མི་སྐྱོན།

4.14ཁམས་སྐྱེ་རྒུའི་ས་འགུལ་དོན་རྐྱེན་དང་སྐབས་དེའི་མྱ་ངན་སྣང་ཚུལ་ལ།
སེང་རྡོར།

འགྱིག་གི་འཛུགས་སྐྲུན་ལ་རྩོམ་གྱིས་ཅི་བྱར་ཡོད། །
ཤོག་བུའི་བཟོ་བཀོད་ལ་ཚིག་གིས་ག་རེ་ཕན། །
དངུལ་མེད་སྤྲང་པོ་ཚོ་ད་དུང་འཆི་ངེས་ཡིན། །
གྱོ་ཁང་སྒུར་པོ་ཚོ་ད་དུང་འགྱེལ་ངེས་ཡིན། །

རྗེས་དྲན་སྙན་ངག་གིས་ཡུལ་ཤུལ་སྨིན་ཚོད་མེད། །
མྱ་ངན་གསར་འགྱུར་གྱིས་སྐྱེ་རྒུ་གསོན་ཚོད་མེད། །
དེ་བས་ལྷག་ལུས་ཀྱི་ཤི་འཕྲོ་གསོན་འཕྲོ་འདི། །
མཁར་རོའི་བར་གསེང་དུ་མི་འགྲོ་བློ་ཞིག་གལ། །

བུན་ཁྲོན་བྱུར་རྐྱེན་དུ་རྣམ་ཤེས་དུ་ཙམ་འགག །
ཡུལ་ཤུལ་ས་འགུལ་དུ་འགྲོ་བ་ག་ཙམ་ཚར། །
ཕོགས་གཟན་ལྟོ་རྐྱལ་ཞིག་གཤེགས་པ་ཐོས་རྒྱུ་མེད། །
དེ་ཚོར་འཆི་མེད་ཀྱི་གྲུབ་པ་བརྙེས་སམ་ཅི། །

རྡོ་ཡི་རྩིག་པ་ཞིག་ལྕགས་ཀྱིས་མཐུད་ཡོད་ན། །
རྣོ་ཡི་བར་གྱང་ཞིག་ཁྲོ་ཡིས་སྦྲེལ་ཡོད་ན། །
ཀ་ལྕམ་ངེས་མེད་དུ་གཟེར་གྱིས་སྦྱར་ཡོད་ན། །
སྤྲུག་བརྡབས་འདི་ཙམ་ལ་ཆོབ་བེར་འགྲོ་དོན་མེད། །

སྐབས་དར་དགུ་ཐོག་ལ་དགའ་དད་ཆེ་བ་དང་། །
དངུལ་ལོར་ཉུང་ཉུང་གིས་ཞིང་བཀོད་བཞེངས་པ་དང་། །
ཞིང་སྡེའི་རྣམ་གྲངས་ཀྱིས་ཤོག་མཁར་བརྒྱབ་པ་འདི། །
ས་འགུལ་བདུད་པོ་ལ་མིད་ཐག་སྤྲད་ཚུལ་ཡིན། །

འཛུགས་སྐྲུན་ཞེས་པ་ནི་རིག་པ་བྱེ་བྲག་ཡིན། །
མཁར་ལས་ཞེས་པ་ནི་གཞུང་ལུགས་ཡན་གར་ཡིན། །
ཁང་པ་བརྒྱབ་པ་ནི་མི་ཚེའི་དོན་ཆེན་ཡིན། །
འདི་ལ་བྱིས་རྟགས་ཀྱིས་སླ་ཐབས་བྱེད་རྒྱུ་མེད། །

གཅིག་ན་སྡེ་ཁག་ནས་ཆོད་ཡིག་ལེན་རྒྱུ་ཡོད། །
གཉིས་ན་ཀུང་སི་ནས་ཁག་ཐེག་བྲི་རྒྱུ་ཡོད། །
གསུམ་ན་ཆེད་མཁས་ཀྱིས་ཚོད་བགམ་བྱ་རྒྱུ་ཡོད། །
བྲ་བ་ཁུང་བུ་རུ་འཛུལ་སྟངས་མི་གནང་རོགས། །

ཅི་སྟེ་གསོག་དངུལ་གྱི་ཁ་གྲངས་ཉུང་བ་དང་། །
འབྲེལ་ཡོད་ཐོ་འགོད་ལ་བློ་ཡིས་མི་ལྕིགས་ན། །
དུར་ཁང་མཆོར་པོ་རུ་ལོ་འགར་སྡོད་པ་ལས། །
ཐང་ཁུད་སྦྲ་ཁྱིམ་དུ་བྲོས་ཀྱང་བཙོག་རྒྱུ་མེད། །

མགོ་བོ་བརླ་བར་དུ་བཅུག་ནས་སྡོད་པ་དང་། །
ཐོད་པ་རྡོ་གཅལ་ལ་གཏུགས་ནས་བསྒོངས་པ་དང་། །
ལུས་པོ་གྲུ་ལོགས་སུ་སྦེད་ནས་ངུ་བ་སོགས། །
ས་གཤིས་སྡེ་ཁག་གི་མན་ངག་ཆོ་མེད་རེད། །

དེ་ལས་རྣོ་ལྕགས་ཀྱི་སྒྲོམ་ཞིག་འགྲུབ་པར་གྱིས། །
སྲིད་ཞེང་གཉིས་པོ་ལ་མི་ཚད་ཡོད་པར་གྱིས། །
ནམ་ཡང་དབུགས་སྣོད་རེ་ཚགས་སུ་ཆུད་པར་གྱིས། །
སྡུག་ཐུག་ཡིན་ནའང་བསམ་ན་སྡུག་རྒྱུ་མེད། །

གང་ལྟར་ཁྱིམ་ནོར་གྱིས་བཅུ་ཆའི་གསུམ་ཙམ་གྱིས། །
ས་འགུལ་སྐྱོབ་དངོས་ཞིག་བྱས་ན་ཤིན་ཏུ་འགབ། །
མ་ཤི་ཡར་སྔོན་དུ་སྡར་བྲོས་བྱེད་པ་འདི། །
མི་རྣམས་ཤེས་རབ་ཀྱི་དཔལ་ལ་གནས་པ་མཚོན། །

ཁྲག་མཚོ་ལུད་རྗེས་སུ་རི་བོ་ནུར་ཚུལ་སྨྲ། །
ད་དུང་ག་ཤེད་ནས་ས་རྒྱུ་གསོབ་ཚུལ་བཤད། །
རང་བྱུང་ཚན་རིག་གི་མཁས་ཆེན་ཁོ་ཚོ་ལ། །
བག་མ་རླུང་ཤོར་གྱི་དཔེ་དེ་ང་རས་འགོད། །

ས་འགུལ་ནམ་འབྱུང་ལ་འཛམ་གླིང་ལྐུགས་པ་ཡིན། །
ལྷ་རིག་སྨྲ་བ་ཚོས་ལྷག་ཏུ་ལྡབ་ལྡིབ་སྨྲ། །
ཚན་ཚན་རིག་པའང་འདི་ལ་ངག་བསྡམས་ཡིན། །
རང་གིས་བླུན་རྟགས་རེ་མི་སྟོན་ཐུ་མེད་རེད། །

འབྱོར་འབྲིང་སྤྱི་ཚོགས་ནི་ས་ཆེན་འགུལ་སྟངས་ཡིན། །
ནུབ་བརྒྱུད་གསར་སྤེལ་ནི་རི་ཆེན་ཡོ་སྟངས་ཡིན། །
ཞིང་སྡེ་གསར་པ་ནི་གྱོ་ཁང་འདར་སྟངས་ཡིན། །
ལས་སྣང་མ་དག་པའི་ཁོ་བོས་དེ་ལྟར་དྲན། །

ཞེས་པ་ནི་སེང་རྡོར་དུ་འབོད་པ་གང་སྐབས་ཤིག་གི་གཞུང་སྒེར་གཉིས་ཀྱི་ང་སྐྱོ་ཐལ་སྡུག་ཐལ་གྱི་རྣམ་འགྱུར་མང་པོ་ལ་ཅུང་བློ་མ་རངས་པར་བྲིས།


ཞུ་འཕྲིན་སྤུན་ཟླའི་སེམས་གསོ།

འཇུ་སྐལ་བཟང་།

རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད།།
མི་འདོད་ཐོག་བབས་ལས་ཀྱི་བསྐོས་ཐང་ལ།།
ཐེག་ཏུ་དཀའ་ཡང་ཅིས་ཀྱང་འཁུར་དགོས་པས།།
བཟོད་བསྲན་སྙིང་རུས་བསྐྱེད་དང་ཕ་བཟང་བུ།།

སྐྱེ་འཆི་བདེ་སྡུག་རྒྱུ་ནོར་མི་རྟག་པ།།
རང་རེའི་ལུགས་གཉིས་བསླབ་པའི་སྲོག་ཡིན་ན།།
ཆོས་ལྡན་བོད་པའི་ཁྱད་ཆོས་ད་རེས་དགོས།།
ཤེས་ཆེན་ཤོང་ཡངས་གྱེས་དང་ཨ་མའི་བུ།།

ཤི་བོའི་ལམ་སྟོན་གསོན་པོའི་སེམས་གསོ་ལ།།
ས་སྟེང་མི་ཡི་ཐུགས་འཁུར་ཆེས་ཆེ་བ།།
ལས་ངན་ནང་ནས་རང་རེ་ལས་ཅན་འདུག།
བློ་ཕུགས་སེམས་རྩ་མ་གཉོམ་ཤ་ཉེའི་གྲོགས།།

མིག་ཆུ་ལྷུང་བའི་སྔ་རྗེས་སུ།

རྣོ་སྦྲེང་།

མིག་ཆུའི་ཐིགས་པ་ཡོལ་རས་ཀྱི་ཁུགས་ལ་ལྷུང་སོང
ཁྲག་ཟེར་བའི་བུ་མོ་ཞིག་ས་ཡོམ་གྱི་གས་གར་སིམ་སོང
སྐྲ་ལོ་གཟེངས་ཞིང་མིག་ཟུང་དམར་ནག་ཏུ་གྱུར་བའི་བུ་ཆུང་ཞིག་གིས
ང་ལ་ཨ་ཕ་དགོས ང་ལ་ཨ་མ་དགོས་ཞེས
མི་ཚོགས་ཀྱི་གསེབ་ན་སྐྱོ་གདུང་གི་ཟློས་གར་འཁྲབ

ངུ་སྐད་ཀྱི་འབོད་པ་འཛམ་གླིང་གི་སྒང་གཞུང་ལ་ཁྱབ་སོང
སྐྱོབ་ཅེས་པའི་ཐ་སྙད་ཀྱིས་སྨྱན་བྱེད་ཀྱི་ཕྱི་ནང་བཀང་སོང
རྐང་བ་ཡ་གཅིག་འཕྲོག་སོང་བའི་བུད་མེད་ཅིག་གིས
ངའི་རྒད་པོ་གང་ན་ཡོད ངའི་གཅེས་ཕྲུག་གང་ན་ཡོད་ཅེས
སྨན་ཁང་ཕྱི་ནང་ན་རིག་རིག་ཀུན་ལ་འདྲི

མིག་འབྱེད་བཙུམ་གྱི་ཡུན་ལ
ཁྱེད་ཀྱི་ཚེ་སྲོག་སྒུལ་བ་ནས
བདག་གི་སེམས་པ་སྒུལ་བའི་བར་གྱི་མྱོང་སྣང་རེ་རེས
རེས་གསལ་རེས་མོག་གི་མི་ཚེའི་ཤོག་བུའི་སྟེང་ལ
ང་ཚོས་རི་མོ་ཅི་ཞིག་འབྲི་འོས སྙུག་ཁ་ཅི་ལྟར་བསྐོར་འོས

གངས་རི་གས་ཆག་ཤོར་བའི་ལོ་ཟླ།

ལྡོང་སྨིན་དྲུག

༡ མྱ་ངན་དང་གདུང་འབོད།

ཡར་ལུང་ཁོག་ནས་ལམ་ལ་ཆས་པའི་རིགས་ཞེན་ཅན་གྱི་གདོང་དམར་ཤིག།
འབྲོང་གཡག་རྒྱབ་ནས་ལོ་ཟླ་བསྐྱལ་བའི་དཔའ་སྙིང་ལྡན་པའི་མི་རིགས་ཤིག།
དེ་རིང་ལོ་ཟླ་ནག་པོ་འདི་ཡིས་གཙང་གསུམ་མགོ་ལ་གཡོགས་ནས་སླེབས།།
ས་གཞི་ཡོངས་ལ་རྡུལ་རླུང་འཚུབ་ཅིང་བཅོམ་ཆག་སྒྲ་ཡིས་གནམ་ས་སྒུལ།།

འོ་དོད་དངངས་སྐྲག་ངུ་འབོད་རིང་མོ་གནམ་མཐའི་བར་ན་དབྱིངས་སུ་རྒྱུ།།
ས་འོག་བྱེ་མའི་བཙོན་ཁང་ནང་ན་ཤི་གསོན་སྟོང་གིས་འགྲེ་ལོག་རྒྱག།
གནམ་ས་གཉིས་ཀྱི་བར་དཀྱིལ་འདི་ན་ཚེ་སྲོག་ཅི་འདྲའི་མང་པོ་ཞིག།
ཁ་ཁར་གཏོང་མཁན་གཟུགས་མེད་སྲིན་པོ་དོན་གྱི་ངོ་མ་སུ་ཞིག་ཡིན། །

རང་བྱུང་ས་ཡོམ་འཇིགས་པ་ཆེན་པོས་ཁྱིམ་གཞི་དྲོན་མོ་བརླགས་ནས་ཐལ།།
གློ་བུར་སླེབས་པའི་སྲིན་པོ་འདི་ཡིས་ཕ་བུའི་བརྩེ་བ་འཕྲོག་ནས་ཐལ།།
ལོ་གསུམ་ཅན་གྱི་བྱིས་པ་བསྐྱུར་ཏེ་ཨ་མ་ཕྱི་མའི་འཕྲང་རིང་འགྲིམས།།
ད་ནི་ཚེ་སྲོག་ཆུང་ཆུང་འདི་དག་སོན་པའི་གོ་སྐབས་ཅི་ལྟར་བཙལ།།

ལ་ལ་གསོན་པོའི་ཚེ་སྲོག་ཡོད་ཀྱང་དབང་བོ་སྐྱོན་ཅན་ཉིད་དུ་གྱུར།།
ལ་ལ་གསོན་པོའི་ཚེ་སྲོག་ཡོད་ཀྱང་མིག་གི་དབང་པོ་ལོང་བར་གྱུར།།
འགའ་ཤས་རྐང་ལག་དུམ་བུ་ཆད་ནས་འགྲོ་ལྡོག་ཐུར་དུ་ནུར་ནས་འགྲོ།།
ཨ་ཧོ་ཨ་ཧོ་འཇིག་རྟེན་ཁམས་ན་བདེན་པའི་ཀུ་རེ་ཅི་འདྲའི་མང་།།

༢ རང་བྱུང་ཁམས་ལ་ཡ་ལན་སྤྲོད་པ།

ཁྱོད་ནི་ཇི་འདྲའི་སྙིང་རྗེ་མེད་ཅིང་ལྷག་བསམ་དབེན་པའི་སྤྱང་ཀི་ཞིག།
ཁྱོད་ནི་ཇི་འདྲའི་གདུག་རྩུབ་ཆེ་ཞིང་ཁྲག་དམར་འཇིབ་པའི་སྲིན་པོ་ཞིག།
ཁྱོད་ནི་ཇི་འདྲིའི་ཡ་ང་བྲལ་ཞིང་ཚེ་སྲོག་འཕྲོག་པའི་ལག་དམར་ཞིག།
ཁྱོད་ནི་ཇི་འདྲིའི་བརྩེ་དུང་བྲལ་བའི་ཧམ་སེམས་ཅན་གྱི་གཤེད་མ་ཞིག།

བྱམས་དང་སྙིང་རྗེ་ཞི་བདེ་མོས་པའི་དཔའ་ཉམས་ལྡན་པའི་མི་རིགས་འདིས།།
མཁའ་དབུགས་སྦགས་པའི་བཟོ་གྲྭ་བཙུགས་མེད་ལྷ་བསང་སྔོན་མོ་དགུང་ལ་མཆོད།།
ས་རྐོ་རྡོ་སློག་མི་བྱེད་དམ་བཅའ་རི་ཆུ་ནགས་ལ་མདའ་ཚོན་དཀྲིས།།
སྲོག་ཆགས་གང་རུང་མཐོ་དམའ་མེད་པར་མི་གསོད་འཚེ་བ་སྤངས་ནས་ཡོད།།

ད་དུང་ཉམ་ཆུང་ཐུབ་ཚོད་བྱེད་ན་བདེན་པའི་གནས་ལུགས་གང་ན་གདའ།།
སྐད་ཅིག་ཉིད་ལ་རྣམ་ཤེས་ཁྲི་ཕྲག་ས་རུ་སྒྱེལ་བའི་ལས་འདི་སྐྱོ།།
དེ་རིང་སྲིན་པོ་ནག་པོ་ཁྱོད་ཀྱིས་དྲང་བོའི་གཏམ་ཤིག་བརྗོད་ན་ལེགས།།
ས་ཡ་དྲུག་གི་བོད་མི་རྣམས་ཀྱིས་ཁྱོད་ཀྱི་གཏམ་ལ་སྒུག་ནས་ཡོད། །

༢༠༡༠ལོའི་ཟླ༤པའི་ཚེས༢༡ཉིན་ཧྲང་ཧེ་ནས་སྐྱོ་གདུང་དང་བཅས་སྦྱར།

མྱ་ངན་སེམས་པ་དགུ་སྦྲེལ།

༤༡༤ཉིན་ས་ཡོམ་གོད་ཆག་གིས་བརྡུངས་པའི་ཡུལ་ཤུལ་གྱི་སྤུན་ཟླ་འདས་པོ་ཚོར་སྐྱེལ་མར་ཕུལ།
བསྟན་འཛིན་ཤེས་རབ།

མགོ་ནག་ལས་འདི་གནམ་ལ་བཅོལ་རུང་། །
གནམ་གྱིས་ཡང་ཡང་བསླུ་བྲིད་བཏང་སོང་། །
སྔོན་བསགས་ལས་ཀྱི་རྣམ་སྨིན་ཡིན་ནམ། །
ལྷ་དང་སྲུང་མའི་བཀའ་ཆད་ཡིན་ནམ། །

ན་ནིང་བོད་འདིའི་མགོ་བོ་བརྡུངས་སོང་། །
ད་ལོར་བོད་འདིའི་རུས་རྐང་བཅག་སོང་། །
ཉམ་ཆུང་གཞུང་བཟང་མི་ཡི་རིགས་འདིར། །
སྡིགས་ཚོད་འདི་འདྲ་འབབ་འོས་མ་ཡིན། །

ལས་འབྲས་འཁོར་ལོའི་འཁོར་ཚུལ་ཡིན་ན། །
འཁོར་ལོའི་འགྲོས་འདིར་གོ་ལྡོག་ཐེབས་འདུག །
ལྷ་འམ་སུ་ཡི་བཀའ་ཆད་ཡིན་ན། །
གཉན་པོ་དེ་ཡི་སྤྱན་མིག་རིབ་འདུག །

ད་ནི་ང་ཡིས་མིག་ཆུ་མི་འདོན། །
ལས་དབང་གནམ་གྱི་རྒྱལ་མོར་མི་བཅོལ། །
སེམས་དང་བསམ་པའི་ན་ཟུག་བར་ནས། །
ཨམ་གཙིགས་སྡོམ་བཞིན་གླུ་ཞིག་ལེན་འདོད། །

ང་ཡི་གཅེན་པོ་བཀྲ་ཤིས་ཚེ་རིང་། །
ང་ཡི་གཅུང་མོ་བཀྲ་ཤིས་སྒྲོལ་མ། །
རྒྱུས་མེད་ཕྱི་མའི་ཡུལ་གྲུ་དེ་ནས། །
མཉེན་མོའི་རྣ་ཅོར་ལན་གཅིག་གཡོར་དང་། །

རེ་བའི་རྩམ་སྐྱ་རླུང་གིས་ཁུར་རུང་། །
དམིགས་པའི་གཏད་སོ་ས་རུ་ཐོར་རུང་། །
སེམས་དང་བསམ་པ་འོ་ཆུའི་ཟོལ་གྱིས། །
ང་ཡི་ལག་རྡང་ཁྱེད་ཚོར་སྦྲེལ་ཡོད། །

གྲུ་འཛིན་མགོན་དེ་སྙིང་ལ་སྒོམ་བཞིན། །
སྲིད་པའི་མཚོ་འདིར་ཞེན་ཐག་གཅོད་བཞིན། །
ཡིག་དྲུག་དབྱངས་རྟ་ངག་ལ་གྱེར་བཞིན། །
མཇའ་འོད་དཀྲིགས་པའི་ལམ་དེར་སྙོགས་ཤིག །

ཆོས་ཉིད་ཆེན་པོའི་བདེན་པ་བརྡར་བཞིན། །
བརྩེ་བ་ཆེན་པོའི་སྣང་བ་སྤྲོ་བཞིན། །
ཐུགས་རྗེ་ཆེན་པོའི་སྤྱན་རས་གཡོ་བཞིན། །
ཕྱག་ན་པད་མོས་ཁྱེད་ཚོར་གཟིགས་ཡོད། །

གདུང་བའི་སེམས་པ་གཅིག་ཏུ་སྦྲེལ་བཞིན། །
དམ་པ་ཆོས་ཀྱིས་སྐྱེལ་མ་ཞུ་བཞིན། །
སྙིང་རུས་ཆེན་པོས་འབྱུང་འགྱུར་སྙེག་བཞིན། །
གཞིས་བྱེས་བོད་མིས་ཁྱེད་ཚོར་གདོང་ཡོད། །

གཅེས་པའི་བུ་ལོའི་ནུ་ཞོ་སྟོར་བར། །
ཨ་མ་རྒན་མོའི་སེམས་རྟེན་ཆག་པར། །
ཤུལ་ལུས་སྤུན་ཟླའི་གཞི་རྟེན་ཐོར་བར། །
ཕྱི་ཡུལ་དེ་ནས་འཁྲེན་པ་མ་གནང་། །

འཇིག་རྟེན་མི་ཡི་དཀར་ངོགས་འདི་ན། །
རྟོགས་སད་མྱུ་གུའི་མགོ་བོ་འབུས་བཞིན། །
ལ་རྒྱའི་གླུ་ཆུང་ངག་ལ་འགུག་བཞིན། །
སྒང་བ་བོད་མིའི་དཔུང་རྡང་སྦྲེལ་ཡོད། །

ལ་དང་ལུང་བའི་རྒྱབ་མདུན་ཀུན་ནས། །
ཆུ་དང་གཙང་བོའི་བཞུར་བརྒྱུད་དག་ནས། །
གདོང་དམར་སེམས་ཀྱི་བརྩེ་བའི་བཞུར་རྒྱུན། །
སྐྱེ་རྒུའི་གྲོང་དུ་ཡུད་ཀྱིས་འཐེན་ཡོད། །

གཉེན་དང་ཕྲུ་གུའི་ངུ་ངག་གསོ་བཞིན། །
ཐལ་རྡུལ་ཐེབས་པའི་ཆག་གྲུམ་སུབ་བཞིན། །
མ་འོངས་ལམ་ལ་མིག་གིས་འཚོ་བཞིན། །
སྐྱེ་རྒུའི་འདུན་ལམ་འོད་ཀྱིས་བརྒྱང་ངེས། །

སྦྲང་རྩི་བྱུགས་པའི་གྲི་སོར་མི་འཐམ། །
ཅེ་སྤྱང་རྔམ་པོའི་མཆེ་བར་མི་འཇིགས། །
སྤོབས་པའི་མགོ་བོ་དགུང་དུ་འདེགས་བཞིན། །
སྲིད་པའི་གངས་རྒན་ཡར་ལ་བསླང་ངེས། །

མིག་མཐའི་མིག་སྐྱག་གཙང་མར་འབྱིད་བཞིན། །
གདོང་བ་སྐྱ་བོར་བྱི་དོར་བགྱིད་བཞིན། །
འདུ་ཤེས་གསུམ་པའི་རྨི་ལམ་དཀྲོགས་ཏེ། །
འོད་སྟོང་འབར་བའི་ལམ་ལ་ཆས་ངེས། །

རང་གི་རུས་རྐང་རང་གིས་བསྲུང་ངེས། །
ཞི་བདེའི་སྒྲོན་མེ་གླིང་དུ་སྦར་ངེས། །
ས་ཆེན་གོ་ལའི་སྒལ་སྟེང་འདི་ནས། །
གོམ་ཚིགས་བརྟན་པོས་ཀྲོང་ངེས་འགྲེང་ངེས། །

ལས་ཀྱི་བཀོད་པའི་སྐོས་ཐེངས་ཤིག་གིས། །
ད་ནི་ཁྱེད་ཚོ་གྱེས་དགོས་བྱུང་སོང་། །
ཞི་བ་ཆེན་པོའི་གྲོང་ཁྱེར་དེ་རུ། །
བརྩེ་སེམས་ཆེན་པོས་སྐྱེལ་མ་བྱེད་དོ། །