Wednesday, May 12, 2010

རྫ་སྐྱེ་དགུ་དང་མཆིན་པ་འབྱར་ཚུལ།

མོག་ཟླ

ཐག་རིང་གི་སྐྱེ་དགུ་མདོ
ཐག་ཉེ་ནས ཧ་ཅང་ཉེ་ས་ནས
བདག་གི་མིག་མདུན་བརྒྱུད་དེ
གས་ཆག་གི་ཨ་སྔོན་དང་གཙབ་ཧྲུལ་གྱི་དོག་མོ
གཅེར་རྗེན་དུ་མངོན་དུས
ང་དངོས་ནས་ཧད་པར་བྱས ཧད་པར་བྱས

ཁང་ཆག་དང་གྱང་རལ ཤི་གསོན་གྱི་མིག་འབྲས
བརྙན་འཕྲིན་དང་དྲ་ངོས་ལས་མཐོང་དུས
ལུས་པོ་འདར་ཞིང་སེམས་པ་འདར
འདར་སིག་སིག་གི་སྐད་སྒྲས་གྱང་གོག་བརྟོལ

རྫ་སྐྱེ་དགུ གཙང་གསུམ་མགོ་ཁུངས་ཀྱི་ཁྱེད
ནམ་ཡང་བདག་གི་མཆིན་པའི་གཏིང་དུ་འབྱར
བདག་ལུས་ལ་མཆོད་མེ་སྟོང་ཕྲག་བསྒྲོན་པ
འབུ་མེ་ལྕེབས་ཤིག་གི་ངང་ཚུལ་ལས་མ་འདས་ནའང

ཁྱེད་ལ་མཆོད་ཅིང་ཁྱེད་ཀྱི་དོན་དུ་བསྲན་ནུས་པ་ཡོད་ཚད
སྐྱེ་འཆི་གྲངས་མེད རྣམ་ཤེས་གྲངས་མེད
ད་དུང འཇིག་རྟེན་འདིའི་ཤེས་རབ་དང་བརྩེ་བ
ལག་ཟུང་དང་ཤེ་མོང་ཡོད་དགུ མེ་དང་ཆུ་ལ་སྦྱངས་ཏེ
ཞུགས་འབུལ་བྱས་དང་བྱེད་ཀྱིན་པ་དག་་་ ་་་

བརྩེ་བ་འདོར་སའི་སྣོད་དེ་རལ་སོང
མིག་ཆུ་འབྱིད་སའི་རས་དེ་ཁུར་སོང
ལོ་རྒྱུས་བཞུར་སའི་མདོ་དེ་འགག་སོང
ང་ཡི་སྙིང་གི་མི་དེ་གར་སོང ཡར་ལོངས་དང
སྐྱེ་དགུའི་མི མིག་ཆུ་ནི་ཐེངས་གཅིག་འཛུམ་པ་ཙམ
ཁྱེད་ཀྱི་མདུན་རྒྱབ་ན་ལག་ཟུང་མང་པོས་རུབ་རུབ་བྱེད་ཀྱིན་འདུག
༢༠༡༠ ༤ ༢༨

Thursday, May 6, 2010

སེམས་ཀྱི་ཟབ་ས་ནས ཁྱེད་ལ་མྱ་ངན་ཞུ།

གཏར་གྲི

འཛུམ་མདངས དགོད་སྒྲ རྨང་ནས་གཏོར་བའི་ཕ་གཞིས
བསམ་དབང་དྲན་དབང་མེད་པར་ཤོར་བའི་གཅེས་སྲོག
འདི་དག་ནི་ཁྱེད་ཀྱི་ཆག་འཇིག་ཡིན་ལ
བདག་གི་མྱ་ངན་གྱི་མིག་ཆུ་ལགས་ནའང
སེམས་པ་མ་སྐྱོ བདག་གི་སྤུན་ཟླ་ཚོ

བརྙན་འཕྲིན་གྱི་གསར་འགྱུར་ཁྲོད་ནས
ཁྱེད་ཀྱི་ཁྲག་གིས་སྦགས་པའི་ངོ་གདོང་དག་མཐོང་གི
ཕ་མར་བྲལ་བའི་དྭ་ཕྲུག་དག་གི་ངུ་སྐད་ཐོས་ཀི
ད་དུང བརྙན་ཡོལ་གྱི་རྒྱབ་ན
འགྲམ་པ་ས་ལ་བཞག་པའི་གཅེས་ཕྲུག་ག་ཚོད་ཡོད་དམ
རེ་བ་རླུང་གིས་ཁུར་བའི་ཕ་མ་ག་ཚོད་ཡོད་དམ

ཚང་མས ལོབས་ཕྱོགས་ལྟར
དཔའ་མ་ཞུམ་ཡུལ་ཤུལ་བ ཞེ་མ་ཕམ་ཡུལ་ཤུལ་བ་ཟེར་མོད
དོན་དམ་དུ སྐབས་འདིར་དཔའ་མི་ཞུམ་པའི་མི་ག་ཚོད་ཡོད་དམ
སྐབས་འདིར མིག་ཆུ་མི་འདོན་པའི་མི་ཡང་ག་ཚོད་ཡོད་དམ
ཡིན་ནའང དཀའ་སྡུག་གི་མདུན་ནས་མགོ་བོ་དགྱེ་དང
ཚེ་སྲོག་འདྲ་མཉམ་དུ་བསམ་པའི་མི་བུ་དག་གིས
གཏོང་ཕོད་ཀྱི་སྒོ་མོ་ཁྱེད་ལ་ཕྱེས་ཡོད
བྱམས་སེམས་ཀྱི་སེམས་རྩ་ཁྱེད་ལ་བརླན་ཡོད
མིག་ཆུ་ཁྲག་ལ་འདྲེས་པའི་བདག་གི་ཡུལ་ཤུལ་བ

བདག་གིས་མར་མེ་རྐོང་རིལ་གང་སེམས་ཀྱིས་བསྒྲོན་ནས
ལག་ཟུང་སྙིང་གར་སྦྱར་ནས་སྐྱབས་འཇུག་རེ་ཞུ་བ་ལས་ཅི་ཞིག་ནུས
བདག་གིས་ཞིག་རལ་དུ་གྱུར་བའི་ཁྱེད་ཀྱི་གཞིས་ཤུལ་བལྟས་ཏེ
མིག་ཆུའི་མཆོད་པ་རེ་བཤམས་པ་ལས་ཅི་ཞིག་བྱ

སེམས་ཀྱི་ཟབ་སར་ཐིམ་པའི་བདག་གི་ཡུལ་ཤུལ་བ
གང་ནས་འགྱེལ་ན ཡང་བསྐྱར་དེ་ནས་ལོངས་དང
ཚེ་སྲོག་ཤོར་བའི་ཕ་མ་དང་བུ་ཕྲུག་དག་མེད་ཀྱང
ཁྱེད་ཀྱི་ཚེ་འཇུག་གི་ཕ་གཞིས་དེ་ཡང་བསྐྱར་ཆགས་ངེས

ཡིད་ཆེས་གནོངས་དང
ང་ཚོ་ཚང་མའི་སེམས་རྩ་གཅིག་ལ་བརྟེན་ཡོད
ང་ཚོ་ཚང་མའི་ལག་ཟུང་དམ་དུ་སྦྲེལ་ཡོད
ཤ་རུས་གཅིག་པའི་མིང་སྲིང་ཚོ
༢༠༡༠ ༤ ༢༢ ཉིན།

གང་ལྟར། ང་ལ་ཅི་ཡང་བཤད་མི་དགོས།

བོད་ཡུལ་གྱི་གོད་ཆག་ལ་ཤོར་བའི་སེམས་འཕྲིན།
གློག་ཞགས།

རྒྱུ་མཚན་འདི་དག་གི་དབང་གིས།
འཇིག་རྟེན་འདིར་རྒྱུ་མཚན་ཅི་ཡང་མེད་སོང༌ངམ།
ས་རྡོ་བགད་སོང་བའི་དབང་གིས།
མེ་ཏོག་ངུས་སོང་ལ།
གཙང་ཆབ་ཀྱི་མིག་ཆུ་བཞུར་སོང་།
གང་ལྟར། ཤི་གསོན་གྱི་ལག་རྡང་ཁྲག་གིས་སྦྲེལ་དུས།
ས་ཆེན་ལགས། ཁྱེད་ཀྱི་གྲོད་ཁོག་བརྒྱགས་སོང་ངམ།
ཁྱི་ཁ་སུམས། ང་ལ་ཅི་ཡང་བཤད་མི་དགོས།
ས་རྡོ་བགད་སོང་བའི་དབང་གིས།
ས་ཁང་ཐང་མར་བརྡལ་བའི་བོད་ཁམས་ཀྱི་དུར་ས་ན།
ལྕགས་ཀྱི་རྒྱ་མཁར་མཁའ་རུ་འཛུམ་ཡོད།
དྭ་ཕྲུག་ཚོའི་ངུ་སྐད་དགུང་ལ་འཕྱུར་སོང་ལ།
རྒན་རྒོན་ཚོའི་བླ་སྲོག་གསོན་པོར་འཁྱམས་སོང་།
གང་ཞིག་རྙེད་འདོད་ཀྱིས།
སུ་ཞིག་གིས་ས་ཆེན་ལ་སྤར་ཤུད་རྒྱག་བཞིན་ཡོད་ལ།
གང་ཞིག་མཐོང་འདོད་ཀྱིས།
སུ་ཚང་ག་ལེར་ལྟད་མོར་ཕེབས་ཡོད།
ད་དུང་། སུ་ཞིག་གི་ཟུངས་ཁྲག་གིས་ས་ཆེན་ཟོས་ཡོད་ལ།
གང་ཞིག་ན། སུ་ཞིག་གི་སེམས་པ་དགོད་བཞིན་མྱ་ངན་ཞུས་ཡོད།
བགྲང་ཚད་སྨྱུག་ཁར་མི་ཤོངས་པའི་གདོང་དམར་པའི་བེམ་རོ་ཁྲི་ཕྲག
བཙན་ཤེད་ཀྱིས་བཟོས་པའི་དམྱལ་ཁམས་ཀྱི་དཔལ་ཡོན་འདི་དག
འདི་དག་ཐམས་ཅད།
གོང་མ་སུ་ཚང་གི་འཛུགས་སྐྲུན་གྱི་བྱས་ཉེས་ཡིན་ནམ།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
ས་རྡོ་བགད་སོང་བའི་དབང་གིས།
གངས་རིའི་རྩ་ཆེན་བཅད་སོང་ལ།
ཁ་བ་ཁྲག་གིས་རྨས་སོང་།
རྒྱུ་མཚན་འདི་དག་གི་དབང་གིས།
ལས་དབང་ནི་མར་མེ་རྐང་གཅིག་ཡིན་ན།
འབར་བཞིན་པའི་སེམས་པ་ཁྲི་ཕྲག
ས་ཆེན་འདིའི་ལག་ཡོང་ཡིན་ནམ།
གནས་ལུགས་མེད་ས་ནས།
ངས་ཁྱོད་ལ་ད་དུང་ཉན་དགོས་སམ།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
མིག་ཆུ་སྐམ་སོང་བའི་རྒྱུ་མཚན།
སེམས་པ་དམར་སྲེག་བྱས་པའི་ཚ་གདུང་ཡིན་ན།
འཇིགས་སྐྲག་ནི་མི་ཡུལ་དུ་འཁྲུངས་པའི་ཐན་པའི་མེ་ཏོག་ཡིན་ནམ།
མི་ཚེ་དང་རྨི་ལམ་ལ་བར་ཐག་མི་རྙེད་ས་ནས།
ཁྱོད་ཀྱིས་ང་ལ་ལུང་གཞུང་འདིའི་ནམ་མཁའ་སྟོན་མི་དགོས།
གང་ལྟར། ཁྱི་ཁ་སུམས།
ང་ལ་ཅི་ཡང་བཤད་མི་དགོས།
དྲི་རྟགས། གནས་མལ་བྲལ་བའི་རྣམ་ཤེས་འཁྱམས་པོ།
འགྲེལ་བཤད། ཨུ་ཐུག་པའི་འཚོལ་སྙེག་ཟླུམ་པོ།
མར་མེ་ཞིག་གི་འགུལ་སྟངས་དེ།
ཁུ་སིམ་མེར་བཞག་པའི་སེམས་པ་ཡིན་པ་ཤེས་ཡོད།
གང་ལྟར། ངས་ཅི་ཡང་ཐོས་འདོད་མི་འདུག་ལ།
ང་ལ་ཅི་ཡང་བཤད་མི་དགོས།

ཉིས་སྟོང་བཅུ་ལོའི་སྤྱི་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན།

ཕངས་སེམས་ཀྱི་སྨྲེ་སྔགས།

སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་ཁྲོད་རྐྱེན་འདས་སུ་སོང་བའི་སྤུན་ཟླ་ཚོ་མྱ་ངན་རྗེས་དྲན་དུ་ཕུལ།
དར་ཐང་བ་ཨོ་རྒྱུན་བཀྲ་ཤིས།


ས་ཆེན་པོའི་གཡོ་འགུལ་ཐེངས་གཅིག་གིས
ངའི་སྤུན་ཟླ་གང་མང་གི་གཅེས་སྲོག་ས་ལ་འཕེན
ས་ཆེན་པོར་སྙིང་རྗེ་མེད་ཀྱང
སའི་ལྷ་མོར་དམ་ཚིག་ཡོད་ན
ལྷ་བཙན་པོའི་གདུང་རྒྱུད་འདིར
མགོན་གུ་རུའི་གདུལ་ཞིང་འདིར
ཆག་ཆེ་ཉམ་ང་བའི གོད་ཆག་འདི་བསྐྱལ་དོན་ཅི

མི་མང་པོ་ཞིག་གིས་གོད་ཆག་འདིའི་གྱོང་གུད་དང་ཕངས་སེམས་གླེང་དུས
ངས་འདི་ལྟར་བསམ
སྡུག་བསྔལ་དེ་ལོ་ཟླའི་ཁྲོད་ནས་སངས་འགྲོ་ལ
དཔལ་འབྱོར་ནི་འབད་འབུང་ཁྲོད་ནས་རྙེད་འོང
ཁྱིམ་གཞིའང་སྤུན་ཟླ་མཉམ་རུབ་ཀྱིས་བསྐྱར་སྐྲུན་ཐུབ་ངེས
འོན་ཀྱང བཞུད་ཟིན་པའི་སྤུན་ཟླ་ཚོའི་ཚེ་སྲོག དུས་ནམ་ཡང་ཕྱིར་ཡོང་མེད་ལ
མི་ཡུལ་འདིའི་རྒྱུ་ནོར་གང་གིས་ཀྱང་གཞལ་ཐབས་ག་ལ་ཡོད
སྙན་ངག་པ་ཞིག་གིས
ཡོད་ཚད་ཆོས་ཉིད་ཀྱི་སྡོམ་ཚིག་འཇོག་དུས
ངས་ཆོས་ཉིད་ཀྱི་ཆོས་ཉིད་ལ་འཁང་སེམས་ཤོར
ཆབ་སྲིད་པ་ཞིག་གིས
ཕངས་སེམས་ཀྱི་སྨྲེ་སྔགས་མདོ་ཆེན་གསུམ་གྱི་མིང་གནས་ལ་ཕྱོགས་དུས
ངས་བཞུད་ཟིན་པའི་སྤུན་ཟླ་ཚོ་དྲན་ཞིང
ཁྱེད་ཅག་བཞུད་པའི་གྱོང་གུད་གླེང

སྤུན་ཟླ་ཚོ
ང་ཚོས་ད་དུང་མི་རིགས་ཤིག་གི་རང་དབང་བསུ་དགོས་ལ
མི་ཡུལ་གྱི་བདེན་དོན་འཚོལ་དགོས
མ་མཐའ་ཡང་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ང་ཚོས་བསུ་དགོས
འོན་ཀྱང ས་ཆེན་པོའི་གཡོ་འགུལ་ཐེངས་གཅིག་གི་ཁྲོད་ནས
ངའི་སྤུན་ཟླ་མང་པོ་ཞིག་འདི་ལྟར་བཞུད་སོང
ངུ་འབོད་དང་སྨྲེ་སྔགས་ཀྱིས་ཁེངས་པའི་ཁྱེད་ཅག་གི་ཤུལ་ལམ་ནས
ངས་ང་ཚོ་གངས་ཅན་པའི་བྱམས་སེམས་དང་དུང་བ་དེ་མཐོང་སོང་ལ
ལ་རྒྱ་དང་ཞེན་ཁོག མཐུན་ལམ་དང་གཅིག་སྒྲིལ་དེ་མཐོང་སོང་
དེ་བས སྤུན་ཟླ་ཚོ་བདེ་བར་བཞུད་དང
ང་ཚོས་ཁྱེད་ཅག་གི་ཤུལ་ལམ་ནས
ཁྱེད་ཅག་གི་ཁྱིམ་གཞི་དང་ང་ཚོ་ཐུན་མོང་གི་ཕ་གཞིས་བསྐྱར་སྐྲུན་བྱ་བར
ངས་ང་རྒྱལ་དང་སྤོབས་པའི་ངང་ནས་བརྗོད་རྒྱུ་ཡིན།
ཕྱི་ལོ་༢༠༡༠་ཟླ་༤་ཚེས་༢༥ལ།

མིག་ཆུ་དང་ལྷན་བཞུར་བའི་ན་ཟུག

སྐྱེ་རྒུ་མདོའི་སྤུན་ཟླ་ཚོར།
དབུས་ཕྲུག་ཚེ་རིང༌།

མི་རྟག་རླུང་གིས་དྲག་ཏུ་སྐུལ་དུས་ས་ཆེན་སྙིང་གི་འཕར་རྩ་ལྡིང༌།།
ཆེན་པོར་རློམ་པའི་རི་བྲག་མཚོ་ཡང་དེ་ཡི་ཞབས་འོག་སྐད་ཅིག་ནུབ།།
ལྷ་ཀླུ་གཞིས་བདག་ཇི་ལྟར་མང་ཡང་རྫུ་འཕྲུལ་སྟོན་པའི་ནུས་སྟོབས་ཞན།།
འདི་ནི་རྟེན་འབྲེལ་གོ་ལུགས་ཡིན་ན་མཐུ་དང་ནུས་པའི་སྒྲོ་མ་འདོགས།།

བྱམས་དང་སྙིང་རྗེ་གླེང་ཐབས་བྲལ་བའི་ས་ནག་མཆེ་བ་བགྲད་ཡོང་དུས།།
ས་དང་གནམ་ལ་རླུང་བཞིན་རྒྱུ་བའི་ཚན་རིག་རྒོད་པོ་འདི་རྣམས་ཀྱང༌།།
རྒྱ་སྟག་ངར་མོའི་མདུན་ན་ལུས་པའི་མདང་སྐྱེས་བེའུ་ཆུང་ངུ་བཞིན།།
གནམ་ས་གཉིས་ཀྱི་གཡོས་སྦྱོར་འདི་འོག་རང་ཚུགས་ཤོར་ཚུལ་འདི་ལྟར་ལགས།།

དཔལ་དང་འབྱོར་པས་གླིང་ལྔ་འགུག་ཅེས་དུང་གི་སྒྲ་དབྱངས་རྒྱུན་མི་ཆད།།
མཐོ་དང་དམའ་ཡི་མི་ལུས་ཀུན་ལ་སྙོམས་པོར་སྤྱོད་ཅེས་འུར་གྱིས་འདོན།།
བདེན་དང་རྫུན་པའི་ཁ་ཚོན་གཅོད་པར་ཁྲིམས་ཀྱི་ར་བ་མི་དགོས་ཀྱང༌།།
མིག་དང་རྣ་ཡིས་རིག་ཚུལ་འདི་ཡིས་གནས་ལུགས་གང་ཡིན་རྗེན་པར་འཆར།།

འུར་འུར་ལྡང་བའི་སྐད་སྒྲ་འདི་ཡིས་ཉམ་ཆུང་མི་ཡི་སྙིང་རྩ་གཅོད།།
ཐལ་རྡུལ་རླབས་ཀྱི་ཟེགས་མ་འདི་འོག་རང་རིགས་སྤུན་ཟླ་གྲངས་མེད་སོང༌།།
ཁང་བརྩེགས་ཞིག་རོའི་བར་དང་གསེང་ནས་ངུ་ངག་སྐྱེན་པོ་སྒྲོག་ཐེངས་རེར།།
མིག་དང་མིག་ཆུ་གཅིག་ཏུ་མ་འདྲེས་སྙིང་ཁམས་ཅན་ཞིག་གང་ན་ཡོད།།

དུས་ཀྱི་འགྱུར་བག་སྣང་མུན་ཇི་བཞིན་གཡས་ནས་ནུབ་ཀྱང་གཡོན་དུ་འཆར།།
མི་ཡི་སྐྱིད་སྡུག་དུས་ཀྱི་འགྲོས་བཞིན་རྟག་བརྟན་ཐེར་ཟུག་གང་ན་ཡོད།།
ཤུལ་དུ་ལུས་པའི་སྤུན་ཟླ་རྣམས་ཀྱང་སྐྱོ་གནས་འདི་ལས་མྱུར་གྲོལ་ཆེད།།
གང་ན་འདུག་པའི་རང་རིགས་རྣམས་ཀྱིས་གློ་སྙིང་དྲོན་མོ་ཁྱེད་ལ་གཏོད།།

ཁྲག་དང་མིག་ཆུ་ལྷན་དུ་བཞུར་གྱིན་ལྷ་དང་བླ་མར་གསོལ་འདེབས་ཀྱིན།།
མེ་དང་དུད་པ་དགུང་དུ་འཕྱུར་གྱིན་ཆོས་ལུགས་ཆོ་གའི་གདུང་དབྱངས་ཁྲོད།།
འདི་དང་ཕྱི་མའི་ལམ་ཞིག་ཡོད་ན་དག་པའི་ཞིང་ཞེས་གནས་མཆོག་ན།།
རྒྱུ་འབྲས་རློམ་པའི་སེམས་པ་འདི་ཀོ་སྐད་ཅིག་ཉིད་དུ་འདྲེན་པར་ཤོག།

Tuesday, May 4, 2010

ངའི་དུར་ཐོག་ནས་ཁྱི་ལྡོམ་ཚོར་ཕོ་བྲང་མ་བཞེངས།

ཟ་ལེ་རྒྱལ།

ས་ཡི་འགུལ་སྟངས་ཤིག་གིས་ངའི་རྩོམ་རིག་གི་ཁོར་ཡུག་ཞུགས་སོང
ས་ཡི་འགུལ་སྟངས་ཤིག་གིས་ངའི་སྙན་ངག་གི་ཁ་དོག་འགྱུར་སོང
རིག་པ་དྭངས་མོ་དེ་ས་ལ་འཐུམས་ཞིང་དྲན་འཆར་རྒོད་པོ་དེ་རླུང་གིས་ཁུར་སོང
མཐའ་ན་ཁ་ལྕེ་བདེ་མོ་དེའང་ཡུན་གྱིས་ལྐུགས་སོང
ཡོད་ཚད་ནག་འཐོམ་མེར་ཅི་ཡང་མི་དྲན་ནའང
ས་འོག་གི་ངུ་འབོད་དེར་ཉན་དེ་ང་རང་ད་དུང་འཇིག་རྟེན་ན་ཡོད་པའི་ཡིད་ཆེས་བརྙེད་ཡོད

ས་ཡི་འགུལ་སྟངས་དེས་གཉོམ་ཆུང་ཚོ་གྲལ་མཐའ་ནས་དྲུད་དེ་ཕྱིན་ཡང
ང་རང་འདི་ལྟར་ལྷག་སོང ཁྱི་ལྡོམ་འགའ་དང་མཉམ་དུ
ཚེ་རབས་ནས་ཚེ་རབས་ལ་བསགས་པའི་བུ་ལོན་དེ་ཆ་ཚང་སྤྲད་ཟིན་མོད
ད་ནི་ང་ལ་ཁྱི་ལྡོམ་འགའ་ལས་ཅི་ཡང་ལྷག་མེད
ཨ་ཕ་མེད་ལ་ཨ་མའང་མེད
མཐའ་ན་སྐོམ་ཆུ་འཐུང་བྱེད་ཀྱི་ཕོར་བ་ཙམ་ཡང་མེད

བློས་མི་ཐོང་བའི་ས་འོག་གི་ངུ་སྐད་དེར་ཉན་ནས་བསྡད་ཡོད
ཡིད་མི་ཆེས་བའི་ས་མཐའ་ཡི་ཁྱི་སྐད་དེར་སྐྲག་ནས་བསྡད་ཡོད

ངའི་ཨ་མས་མ་ནི་བསགས་པའི་ཁ་གྲངས་དེ་བསམས་ན
ངའི་ཨ་ཕས་རྒྱུ་འབྲས་བཤད་པའི་རྣམ་པ་དེ་དྲན་ན
ང་ལ་མ་ནི་འདོན་འདོད་མེད་ལ་རྒྱུ་འབྲས་གཙི་འདོད་ཀྱང་མེད
མཐའ་ན་ང་ལ་ངུ་འདོད་ཀྱི་སེམས་པ་དེའང་མེད
ཅི་ཡང་མི་དྲན་ནའང་དྲི་བ་ཞིག་ངའི་སེམས་ལ་ཡང་ཡང་འཁོར
སང་ཉིན་དུར་ས་ནས་ཁང་བརྩེགས་རྒྱག་གི་ཡིན་ཟེར
ཁང་བརྩེགས་དེའི་ནང་ནས་སུ་འདུག་དགོས་སམ
བེམ་པོ་དག་ས་གཞིར་འཐུམས་ཟིན་ལ་རྣམ་ཤེས་དག་རྒྱ་གར་ལ་འཕུར་སོང
ན་ནིང་གི་མི་ཡུལ་འདི་ན་འདྲེ་ལའང་མ་དགོས་བའི་ཁྱི་ལྡོམ་འགའ་ལས་ཅི་ཡང་ལྷག་མེད

ངའི་དུར་ཐོག་ནས་ཁྱི་ལྡོམ་ཚོར་ཕོ་བྲང་མ་བཞེངས
ངས་ས་བདག་དང་གནས་བདག་ཚོར་བཤད་ཀི་ཡིན
ཁོས་ཁྱོད་ཚོ་ཚང་མ་མཉམ་དུ་ས་འོག་ལ་འཇུག་གི་རེད
༢༠༡༠ ༥ ༡

Monday, May 3, 2010

༄༅། ། སེམས་སྐྱོ་བའི་མིག་ཆུ།

ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ།

མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང༌། །
དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན། །
གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང༌། །
འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི། །

ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས། །
ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང༌།།
དམར་དམར་སྙིང་ལ་བཅགས་པའི་སྤུན་ཟླ་བཅས། །
ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།

ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད། །
སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི། །
ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན། །
ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད། །

ཆིལ་ ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང༌། །
ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས། །
ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ། །
འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང༌། །

སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང༌། །
བྱམས་བྱམས་ཕ་མ་བརླག་པའི་དྭ་ཕྲུག་དང༌། །
གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང༌། །
མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང༌། །

ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །
རྒྱང་རྒྱང་ས་མཐའ་འདི་ན་གཅིག་པུར་ལུས། །
དུང་དུང་ཡིད་ཀྱི་གདུང་བ་ཐལ་ དྲགས་པས། །
ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར། །

ཧུ་ཧུ་ཁྲི་ཕྲག་སྟོང་གི་ སྐྱེ་བོ་རྣམས། །
རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ། །
མྱུར་མྱུར་ ཡུད་ཙམ་ཞིག་གི་འཇིགས་པ་དེས། །
ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད། །

ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །
དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ། །
བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ། །
དམན་དམན་བོད་འབངས་འདི་དག་བསྐྱབ་ཏུ་གསོལ། །

གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ། །
འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང༌། །
ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ། །
མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ། །

རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས། །
འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ༌། །
ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ། །
ཤུ་ཤུ་ལྷག་ལུས་ འདི་དག་བསྐྱབ་ཏུ་གསོལ། །

ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས། །
ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས། །
གངས་ལྗོངས་ཆོས་ཀྱི་ཞིང་སར་ ལྷན་འཛོམས་ཏེ། །
གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན། །

སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བ་ན་སྨོན་པའོ།།
༢༠༡༠ ལོའི་ཕྱི་ ༥ པའི་ཚེས་ ༡ ཉིན།

Wednesday, April 28, 2010

ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་ཚོར་སེམས་གསོར་ཕུལ་བའི་སྙན་ངག

སྐྱབས་ཆེན་བདེ་གྲོལ།

མི་རྟག་སྒྱུ་མའི་བུ་མོ་དེས།།
འདོད་ཡོན་སྲིད་པའི་གོས་བཀླུབས་ནས།།
ཡོད་ཡོད་འདྲ་བའི་གར་འཁྲབ་པ།།
འཁོར་བའི་རང་བཞིན་ཡིན་ཞེས་པ།།
མེས་པོ་དམ་པའི་གསུང་མིན་ནམ།།
རྒྱུ་ནོམ་བྱེ་མའི་ཆིངས་བུ་དེས།།
རིན་ཆེན་སྣ་ལྔའི་མདངས་བཟུང་ནས།།
ཕུན་སུམ་ཚོགས་པའི་དོན་འཛིན་པ།།
སྣང་བའི་སྤྲུལ་སྒྱུར་ཡིན་ཟེར་བ།།
མགོ་ནག་བོད་པའི་དཔེ་མིན་ནམ།།
གཉེན་ཉེ་གློག་གི་ལུས་ཅན་དེས།།
ཡུད་ཡུད་ཅིག་ལ་མིག་བསྒྱུར་ཅིང་།།
སྐབས་སྐབས་ཤིག་ལ་ཡིད་བསླུ་བ།།
འདུ་བྲལ་ཆོས་ཉིད་དུ་འཛིན་པ།།
དམ་པའི་ཆོས་ཀྱི་སྲོལ་མིན་ནམ།།


སེམས་ཀྱིས་དེ་ལྟར་ཤེས་ན་འང་།།
སྡུག་གི་ན་བུན་ཁོག་མིན་པ།།
བྲང་ལ་འཐིབས་པའི་སྐད་ཅིག་མར།།
གངས་དཀར་ཞི་བའི་མཆེ་བ་ཅན།།
སྲིད་པ་གསུམ་གྱི་རྩེར་གཟེངས་པའི།།
མི་ཞེས་བྱ་བའི་ལྷ་བོ་ཆེས།།
བརྩེ་བའི་ལག་ཟུང་མཐར་བརྐྱངས་ཏེ།།
ཁྱོད་ཀྱི་སྙིང་ཁའི་པད་གདན་ནས།།
འཐོར་བའི་གེ་སར་ཕྱིར་བཏུ་ཞིང་།།
ཁྱོད་ཀྱི་སེམས་ཀྱི་ཁང་བཟང་ནས།།
གཟིམས་པའི་སྒྲོན་མེ་ཕྱིར་བསྒྲོན་ཡོང་།།


མིག་ཆུ་ཕྱིས་ཤིག་ཇོ་ཇོ་ལགས།།
ངུ་མཚམས་ཞོག་ཅིག་ནུ་མོ་ལགས།།
སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱིས།།
མཁའ་རུ་བརྩིགས་པའི་བསང་ཁྲི་ཡོད།།
བར་ཕྱོགས་དབུས་གཙང་རུ་བཞི་ཡིས།།
ཕྱོགས་མཐར་ཐེན་པའི་དར་ལྕོག་ཡོད།།
སྨད་ཕྱོགས་མདོ་ཁམས་སྒང་དྲུག་གིས།།
མཐོ་རུ་སྤུར་བའི་རླུང་རྟ་ཡོད།།
ས་དགེ་ཀར་རྙིང་ཐམས་ཅད་ཀྱིས།།
མཉམ་པོར་གསུང་བའི་བསྔོ་སྨོན་ཡོད།།
རོང་འབྲོག་ཕུ་ནུ་ནང་འགྲིག་པས།།
ལྷན་དུ་བསྒྲོན་པའི་མར་མེ་ཡོད།།
བུ་ཆུང་བདག་དང་བདག་འདྲ་བས།།
སེམས་ཀྱིས་བྲིས་པའི་སྙན་ངག་ཡོད།།


འགྲོ་བ་མི་ཡི་རྩོད་ཉོག་ལ།།
ཟད་པའི་མཚམས་ནི་མེད་པའི་བར།།
རང་བྱུང་འཇིགས་པའང་ཆད་མེད་དེ།།
སྐྱེ་རྒ་ན་འཆིའི་སྲད་བུ་ལ།།
བརྒྱུས་པའི་སྲོག་གི་བྱུར་ཆུང་འདི།།
བདག་མོའི་མཛེས་རྒྱན་ལས་ཤོར་ནས།།
བསྐལ་བའི་ཕུག་པར་ལྟུང་བ་ཉིད།།
སླར་ཡང་འཚོལ་ལ་ངལ་བ་ལྟར།།
སུ་ཡང་སྲིད་པའི་ཐང་ཆེན་ན།།
མགོ་བོ་འཁོར་བའི་རི་དྭགས་བཞིན།།
དེ་ལྟའི་གནས་ལུགས་ཟབ་མོ་ཡིས།།
འཚོ་བའི་སྲོག་སྙིང་གཏན་ཟིན་ཏེ།།
འཇིགས་པ་མེད་པའི་བློ་སྤོབས་ཀྱིས།།
སྐྱེ་རྒུ་མདོ་ལ་བཀྲ་ཤིས་སྩོལ།།

༢༠༡༠ལོའི་ཟླ༤པའི་ཚེས༢༨ཉིན་རྨ་ཆུ་ནས་སུག་བྲིས་སུ་བགྱིས་པའོ།།

གློ་མཆིན་པའི་སྟེང་འོག་བརྗེ་བྱུང་།

ལྷ་ཆབ་སྦྱིན་པ།

ཁྱོད་ནི་རྨི་ལམ་འཇིགས་སུ་རུང་བ་ཞིག་ཡིན་ནམ
ཁྱོད་ནི་སྐད་ཅིག་མ་ཁྲག་ཁྲིག་གི་གཤེད་མ་ཡིན་ནམ
ངས་ཁྱོད་ཀྱི་རྐང་རྗེས་དེ་རྒྱང་རིང་དུ་མཐོང་ནའང
དོན་དམ་པས་བདག་གི་སྙིང་དང་རུས་ལ་དཔར་ཡོད

ཁྱོད་ཡོམ་ཡོམ་གྱིས་འོང་ཚུལ་ནི་སྒེག་འགྲོས་ཤིག་ཡིན་ཡང
ཁྱོད་སོང་ཤུལ་ནི་ཅི་འདྲའི་གདུག་རྩུབ་ཀྱི་གྲོག་རོང་ཞིག་རེད་ཨང
བདག་གི་གཤེད་མ་ལགས ཁྱོད་ཡོང་ས་ནོར་རམ་ཅི
འཛམ་གླིང་གི་ཞི་བདེར་དགའ་བའི་བདག་གི་ཕུ་ནུ་སྤུན་ཟླས
ཁྱོད་ལ་གཏུམ་དྲག་སློང་བྱེད་ཀྱི་རྒྱུ་འབྲས་ག་རེ་རྣོག་སོང

ཁྱོད་ཀྱི་ངང་ཚུལ་དེས་བདག་གི་གློ་སྙིང་གི་སྟེང་འོག་བརྗེ་སོང
ཁྱོད་ཀྱི་གདུག་རྩུབ་དེས་བདག་གི་མི་རབས་ལ་གྱོང་གུད་བཟོས་སོང
མི་མངོན་པའི་ཚུལ་གྱིས་སླེབས་ནས་བདག་གི་ཕུ་ནུའི་སྲོག་རྩར་འཐམ་པའི་ཁྱོད
དོན་དམ་པའི་སྟེས་དབང་གི་གོད་ཆག་ཅིག་ཅི་ལ་མིན་ཨང

ཡིན་ནའང གཉོམ་དུང་དུང་གི་བདག་གི་ཕུ་ནུས
དུས་གཏན་ཏུ་ཁྱོད་ལ་མགོ་མི་སྒུར

ཞེས་པ་འདི་བོད་མདོ་ཁམས་ཡུལ་ཤུལ་ལ་ས་ཡོམ་བརྒྱབས་ནས་བདུན་ཚིགས་གཉིས་འགོར་བའི་མཚམས་སུ་མྱ་ངན་གྱི་ཆེད་དུ་གྱི་ན་བ་ལྷ་ཆབ་སྦྱིན་པས་གནས་མཆོག་རྡ་ས་ནས་གདུང་སེམས་དྲག་པོས་བྲིས་པའོ།།

Sunday, April 25, 2010

སེང་རྡོར་གྱི་སྙན་ངག་གསར་བ།

ད་རེས་ཀྱི་ས་འགུལ་འདི་ཙམ་ལ་དབང་ཆ་དང་སྒོར་མོ་ཡོད་ན་མི་སྐྱོན།

4.14ཁམས་སྐྱེ་རྒུའི་ས་འགུལ་དོན་རྐྱེན་དང་སྐབས་དེའི་མྱ་ངན་སྣང་ཚུལ་ལ།
སེང་རྡོར།

འགྱིག་གི་འཛུགས་སྐྲུན་ལ་རྩོམ་གྱིས་ཅི་བྱར་ཡོད། །
ཤོག་བུའི་བཟོ་བཀོད་ལ་ཚིག་གིས་ག་རེ་ཕན། །
དངུལ་མེད་སྤྲང་པོ་ཚོ་ད་དུང་འཆི་ངེས་ཡིན། །
གྱོ་ཁང་སྒུར་པོ་ཚོ་ད་དུང་འགྱེལ་ངེས་ཡིན། །

རྗེས་དྲན་སྙན་ངག་གིས་ཡུལ་ཤུལ་སྨིན་ཚོད་མེད། །
མྱ་ངན་གསར་འགྱུར་གྱིས་སྐྱེ་རྒུ་གསོན་ཚོད་མེད། །
དེ་བས་ལྷག་ལུས་ཀྱི་ཤི་འཕྲོ་གསོན་འཕྲོ་འདི། །
མཁར་རོའི་བར་གསེང་དུ་མི་འགྲོ་བློ་ཞིག་གལ། །

བུན་ཁྲོན་བྱུར་རྐྱེན་དུ་རྣམ་ཤེས་དུ་ཙམ་འགག །
ཡུལ་ཤུལ་ས་འགུལ་དུ་འགྲོ་བ་ག་ཙམ་ཚར། །
ཕོགས་གཟན་ལྟོ་རྐྱལ་ཞིག་གཤེགས་པ་ཐོས་རྒྱུ་མེད། །
དེ་ཚོར་འཆི་མེད་ཀྱི་གྲུབ་པ་བརྙེས་སམ་ཅི། །

རྡོ་ཡི་རྩིག་པ་ཞིག་ལྕགས་ཀྱིས་མཐུད་ཡོད་ན། །
རྣོ་ཡི་བར་གྱང་ཞིག་ཁྲོ་ཡིས་སྦྲེལ་ཡོད་ན། །
ཀ་ལྕམ་ངེས་མེད་དུ་གཟེར་གྱིས་སྦྱར་ཡོད་ན། །
སྤྲུག་བརྡབས་འདི་ཙམ་ལ་ཆོབ་བེར་འགྲོ་དོན་མེད། །

སྐབས་དར་དགུ་ཐོག་ལ་དགའ་དད་ཆེ་བ་དང་། །
དངུལ་ལོར་ཉུང་ཉུང་གིས་ཞིང་བཀོད་བཞེངས་པ་དང་། །
ཞིང་སྡེའི་རྣམ་གྲངས་ཀྱིས་ཤོག་མཁར་བརྒྱབ་པ་འདི། །
ས་འགུལ་བདུད་པོ་ལ་མིད་ཐག་སྤྲད་ཚུལ་ཡིན། །

འཛུགས་སྐྲུན་ཞེས་པ་ནི་རིག་པ་བྱེ་བྲག་ཡིན། །
མཁར་ལས་ཞེས་པ་ནི་གཞུང་ལུགས་ཡན་གར་ཡིན། །
ཁང་པ་བརྒྱབ་པ་ནི་མི་ཚེའི་དོན་ཆེན་ཡིན། །
འདི་ལ་བྱིས་རྟགས་ཀྱིས་སླ་ཐབས་བྱེད་རྒྱུ་མེད། །

གཅིག་ན་སྡེ་ཁག་ནས་ཆོད་ཡིག་ལེན་རྒྱུ་ཡོད། །
གཉིས་ན་ཀུང་སི་ནས་ཁག་ཐེག་བྲི་རྒྱུ་ཡོད། །
གསུམ་ན་ཆེད་མཁས་ཀྱིས་ཚོད་བགམ་བྱ་རྒྱུ་ཡོད། །
བྲ་བ་ཁུང་བུ་རུ་འཛུལ་སྟངས་མི་གནང་རོགས། །

ཅི་སྟེ་གསོག་དངུལ་གྱི་ཁ་གྲངས་ཉུང་བ་དང་། །
འབྲེལ་ཡོད་ཐོ་འགོད་ལ་བློ་ཡིས་མི་ལྕིགས་ན། །
དུར་ཁང་མཆོར་པོ་རུ་ལོ་འགར་སྡོད་པ་ལས། །
ཐང་ཁུད་སྦྲ་ཁྱིམ་དུ་བྲོས་ཀྱང་བཙོག་རྒྱུ་མེད། །

མགོ་བོ་བརླ་བར་དུ་བཅུག་ནས་སྡོད་པ་དང་། །
ཐོད་པ་རྡོ་གཅལ་ལ་གཏུགས་ནས་བསྒོངས་པ་དང་། །
ལུས་པོ་གྲུ་ལོགས་སུ་སྦེད་ནས་ངུ་བ་སོགས། །
ས་གཤིས་སྡེ་ཁག་གི་མན་ངག་ཆོ་མེད་རེད། །

དེ་ལས་རྣོ་ལྕགས་ཀྱི་སྒྲོམ་ཞིག་འགྲུབ་པར་གྱིས། །
སྲིད་ཞེང་གཉིས་པོ་ལ་མི་ཚད་ཡོད་པར་གྱིས། །
ནམ་ཡང་དབུགས་སྣོད་རེ་ཚགས་སུ་ཆུད་པར་གྱིས། །
སྡུག་ཐུག་ཡིན་ནའང་བསམ་ན་སྡུག་རྒྱུ་མེད། །

གང་ལྟར་ཁྱིམ་ནོར་གྱིས་བཅུ་ཆའི་གསུམ་ཙམ་གྱིས། །
ས་འགུལ་སྐྱོབ་དངོས་ཞིག་བྱས་ན་ཤིན་ཏུ་འགབ། །
མ་ཤི་ཡར་སྔོན་དུ་སྡར་བྲོས་བྱེད་པ་འདི། །
མི་རྣམས་ཤེས་རབ་ཀྱི་དཔལ་ལ་གནས་པ་མཚོན། །

ཁྲག་མཚོ་ལུད་རྗེས་སུ་རི་བོ་ནུར་ཚུལ་སྨྲ། །
ད་དུང་ག་ཤེད་ནས་ས་རྒྱུ་གསོབ་ཚུལ་བཤད། །
རང་བྱུང་ཚན་རིག་གི་མཁས་ཆེན་ཁོ་ཚོ་ལ། །
བག་མ་རླུང་ཤོར་གྱི་དཔེ་དེ་ང་རས་འགོད། །

ས་འགུལ་ནམ་འབྱུང་ལ་འཛམ་གླིང་ལྐུགས་པ་ཡིན། །
ལྷ་རིག་སྨྲ་བ་ཚོས་ལྷག་ཏུ་ལྡབ་ལྡིབ་སྨྲ། །
ཚན་ཚན་རིག་པའང་འདི་ལ་ངག་བསྡམས་ཡིན། །
རང་གིས་བླུན་རྟགས་རེ་མི་སྟོན་ཐུ་མེད་རེད། །

འབྱོར་འབྲིང་སྤྱི་ཚོགས་ནི་ས་ཆེན་འགུལ་སྟངས་ཡིན། །
ནུབ་བརྒྱུད་གསར་སྤེལ་ནི་རི་ཆེན་ཡོ་སྟངས་ཡིན། །
ཞིང་སྡེ་གསར་པ་ནི་གྱོ་ཁང་འདར་སྟངས་ཡིན། །
ལས་སྣང་མ་དག་པའི་ཁོ་བོས་དེ་ལྟར་དྲན། །

ཞེས་པ་ནི་སེང་རྡོར་དུ་འབོད་པ་གང་སྐབས་ཤིག་གི་གཞུང་སྒེར་གཉིས་ཀྱི་ང་སྐྱོ་ཐལ་སྡུག་ཐལ་གྱི་རྣམ་འགྱུར་མང་པོ་ལ་ཅུང་བློ་མ་རངས་པར་བྲིས།


ཞུ་འཕྲིན་སྤུན་ཟླའི་སེམས་གསོ།

འཇུ་སྐལ་བཟང་།

རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད།།
མི་འདོད་ཐོག་བབས་ལས་ཀྱི་བསྐོས་ཐང་ལ།།
ཐེག་ཏུ་དཀའ་ཡང་ཅིས་ཀྱང་འཁུར་དགོས་པས།།
བཟོད་བསྲན་སྙིང་རུས་བསྐྱེད་དང་ཕ་བཟང་བུ།།

སྐྱེ་འཆི་བདེ་སྡུག་རྒྱུ་ནོར་མི་རྟག་པ།།
རང་རེའི་ལུགས་གཉིས་བསླབ་པའི་སྲོག་ཡིན་ན།།
ཆོས་ལྡན་བོད་པའི་ཁྱད་ཆོས་ད་རེས་དགོས།།
ཤེས་ཆེན་ཤོང་ཡངས་གྱེས་དང་ཨ་མའི་བུ།།

ཤི་བོའི་ལམ་སྟོན་གསོན་པོའི་སེམས་གསོ་ལ།།
ས་སྟེང་མི་ཡི་ཐུགས་འཁུར་ཆེས་ཆེ་བ།།
ལས་ངན་ནང་ནས་རང་རེ་ལས་ཅན་འདུག།
བློ་ཕུགས་སེམས་རྩ་མ་གཉོམ་ཤ་ཉེའི་གྲོགས།།

མིག་ཆུ་ལྷུང་བའི་སྔ་རྗེས་སུ།

རྣོ་སྦྲེང་།

མིག་ཆུའི་ཐིགས་པ་ཡོལ་རས་ཀྱི་ཁུགས་ལ་ལྷུང་སོང
ཁྲག་ཟེར་བའི་བུ་མོ་ཞིག་ས་ཡོམ་གྱི་གས་གར་སིམ་སོང
སྐྲ་ལོ་གཟེངས་ཞིང་མིག་ཟུང་དམར་ནག་ཏུ་གྱུར་བའི་བུ་ཆུང་ཞིག་གིས
ང་ལ་ཨ་ཕ་དགོས ང་ལ་ཨ་མ་དགོས་ཞེས
མི་ཚོགས་ཀྱི་གསེབ་ན་སྐྱོ་གདུང་གི་ཟློས་གར་འཁྲབ

ངུ་སྐད་ཀྱི་འབོད་པ་འཛམ་གླིང་གི་སྒང་གཞུང་ལ་ཁྱབ་སོང
སྐྱོབ་ཅེས་པའི་ཐ་སྙད་ཀྱིས་སྨྱན་བྱེད་ཀྱི་ཕྱི་ནང་བཀང་སོང
རྐང་བ་ཡ་གཅིག་འཕྲོག་སོང་བའི་བུད་མེད་ཅིག་གིས
ངའི་རྒད་པོ་གང་ན་ཡོད ངའི་གཅེས་ཕྲུག་གང་ན་ཡོད་ཅེས
སྨན་ཁང་ཕྱི་ནང་ན་རིག་རིག་ཀུན་ལ་འདྲི

མིག་འབྱེད་བཙུམ་གྱི་ཡུན་ལ
ཁྱེད་ཀྱི་ཚེ་སྲོག་སྒུལ་བ་ནས
བདག་གི་སེམས་པ་སྒུལ་བའི་བར་གྱི་མྱོང་སྣང་རེ་རེས
རེས་གསལ་རེས་མོག་གི་མི་ཚེའི་ཤོག་བུའི་སྟེང་ལ
ང་ཚོས་རི་མོ་ཅི་ཞིག་འབྲི་འོས སྙུག་ཁ་ཅི་ལྟར་བསྐོར་འོས

གངས་རི་གས་ཆག་ཤོར་བའི་ལོ་ཟླ།

ལྡོང་སྨིན་དྲུག

༡ མྱ་ངན་དང་གདུང་འབོད།

ཡར་ལུང་ཁོག་ནས་ལམ་ལ་ཆས་པའི་རིགས་ཞེན་ཅན་གྱི་གདོང་དམར་ཤིག།
འབྲོང་གཡག་རྒྱབ་ནས་ལོ་ཟླ་བསྐྱལ་བའི་དཔའ་སྙིང་ལྡན་པའི་མི་རིགས་ཤིག།
དེ་རིང་ལོ་ཟླ་ནག་པོ་འདི་ཡིས་གཙང་གསུམ་མགོ་ལ་གཡོགས་ནས་སླེབས།།
ས་གཞི་ཡོངས་ལ་རྡུལ་རླུང་འཚུབ་ཅིང་བཅོམ་ཆག་སྒྲ་ཡིས་གནམ་ས་སྒུལ།།

འོ་དོད་དངངས་སྐྲག་ངུ་འབོད་རིང་མོ་གནམ་མཐའི་བར་ན་དབྱིངས་སུ་རྒྱུ།།
ས་འོག་བྱེ་མའི་བཙོན་ཁང་ནང་ན་ཤི་གསོན་སྟོང་གིས་འགྲེ་ལོག་རྒྱག།
གནམ་ས་གཉིས་ཀྱི་བར་དཀྱིལ་འདི་ན་ཚེ་སྲོག་ཅི་འདྲའི་མང་པོ་ཞིག།
ཁ་ཁར་གཏོང་མཁན་གཟུགས་མེད་སྲིན་པོ་དོན་གྱི་ངོ་མ་སུ་ཞིག་ཡིན། །

རང་བྱུང་ས་ཡོམ་འཇིགས་པ་ཆེན་པོས་ཁྱིམ་གཞི་དྲོན་མོ་བརླགས་ནས་ཐལ།།
གློ་བུར་སླེབས་པའི་སྲིན་པོ་འདི་ཡིས་ཕ་བུའི་བརྩེ་བ་འཕྲོག་ནས་ཐལ།།
ལོ་གསུམ་ཅན་གྱི་བྱིས་པ་བསྐྱུར་ཏེ་ཨ་མ་ཕྱི་མའི་འཕྲང་རིང་འགྲིམས།།
ད་ནི་ཚེ་སྲོག་ཆུང་ཆུང་འདི་དག་སོན་པའི་གོ་སྐབས་ཅི་ལྟར་བཙལ།།

ལ་ལ་གསོན་པོའི་ཚེ་སྲོག་ཡོད་ཀྱང་དབང་བོ་སྐྱོན་ཅན་ཉིད་དུ་གྱུར།།
ལ་ལ་གསོན་པོའི་ཚེ་སྲོག་ཡོད་ཀྱང་མིག་གི་དབང་པོ་ལོང་བར་གྱུར།།
འགའ་ཤས་རྐང་ལག་དུམ་བུ་ཆད་ནས་འགྲོ་ལྡོག་ཐུར་དུ་ནུར་ནས་འགྲོ།།
ཨ་ཧོ་ཨ་ཧོ་འཇིག་རྟེན་ཁམས་ན་བདེན་པའི་ཀུ་རེ་ཅི་འདྲའི་མང་།།

༢ རང་བྱུང་ཁམས་ལ་ཡ་ལན་སྤྲོད་པ།

ཁྱོད་ནི་ཇི་འདྲའི་སྙིང་རྗེ་མེད་ཅིང་ལྷག་བསམ་དབེན་པའི་སྤྱང་ཀི་ཞིག།
ཁྱོད་ནི་ཇི་འདྲའི་གདུག་རྩུབ་ཆེ་ཞིང་ཁྲག་དམར་འཇིབ་པའི་སྲིན་པོ་ཞིག།
ཁྱོད་ནི་ཇི་འདྲིའི་ཡ་ང་བྲལ་ཞིང་ཚེ་སྲོག་འཕྲོག་པའི་ལག་དམར་ཞིག།
ཁྱོད་ནི་ཇི་འདྲིའི་བརྩེ་དུང་བྲལ་བའི་ཧམ་སེམས་ཅན་གྱི་གཤེད་མ་ཞིག།

བྱམས་དང་སྙིང་རྗེ་ཞི་བདེ་མོས་པའི་དཔའ་ཉམས་ལྡན་པའི་མི་རིགས་འདིས།།
མཁའ་དབུགས་སྦགས་པའི་བཟོ་གྲྭ་བཙུགས་མེད་ལྷ་བསང་སྔོན་མོ་དགུང་ལ་མཆོད།།
ས་རྐོ་རྡོ་སློག་མི་བྱེད་དམ་བཅའ་རི་ཆུ་ནགས་ལ་མདའ་ཚོན་དཀྲིས།།
སྲོག་ཆགས་གང་རུང་མཐོ་དམའ་མེད་པར་མི་གསོད་འཚེ་བ་སྤངས་ནས་ཡོད།།

ད་དུང་ཉམ་ཆུང་ཐུབ་ཚོད་བྱེད་ན་བདེན་པའི་གནས་ལུགས་གང་ན་གདའ།།
སྐད་ཅིག་ཉིད་ལ་རྣམ་ཤེས་ཁྲི་ཕྲག་ས་རུ་སྒྱེལ་བའི་ལས་འདི་སྐྱོ།།
དེ་རིང་སྲིན་པོ་ནག་པོ་ཁྱོད་ཀྱིས་དྲང་བོའི་གཏམ་ཤིག་བརྗོད་ན་ལེགས།།
ས་ཡ་དྲུག་གི་བོད་མི་རྣམས་ཀྱིས་ཁྱོད་ཀྱི་གཏམ་ལ་སྒུག་ནས་ཡོད། །

༢༠༡༠ལོའི་ཟླ༤པའི་ཚེས༢༡ཉིན་ཧྲང་ཧེ་ནས་སྐྱོ་གདུང་དང་བཅས་སྦྱར།

མྱ་ངན་སེམས་པ་དགུ་སྦྲེལ།

༤༡༤ཉིན་ས་ཡོམ་གོད་ཆག་གིས་བརྡུངས་པའི་ཡུལ་ཤུལ་གྱི་སྤུན་ཟླ་འདས་པོ་ཚོར་སྐྱེལ་མར་ཕུལ།
བསྟན་འཛིན་ཤེས་རབ།

མགོ་ནག་ལས་འདི་གནམ་ལ་བཅོལ་རུང་། །
གནམ་གྱིས་ཡང་ཡང་བསླུ་བྲིད་བཏང་སོང་། །
སྔོན་བསགས་ལས་ཀྱི་རྣམ་སྨིན་ཡིན་ནམ། །
ལྷ་དང་སྲུང་མའི་བཀའ་ཆད་ཡིན་ནམ། །

ན་ནིང་བོད་འདིའི་མགོ་བོ་བརྡུངས་སོང་། །
ད་ལོར་བོད་འདིའི་རུས་རྐང་བཅག་སོང་། །
ཉམ་ཆུང་གཞུང་བཟང་མི་ཡི་རིགས་འདིར། །
སྡིགས་ཚོད་འདི་འདྲ་འབབ་འོས་མ་ཡིན། །

ལས་འབྲས་འཁོར་ལོའི་འཁོར་ཚུལ་ཡིན་ན། །
འཁོར་ལོའི་འགྲོས་འདིར་གོ་ལྡོག་ཐེབས་འདུག །
ལྷ་འམ་སུ་ཡི་བཀའ་ཆད་ཡིན་ན། །
གཉན་པོ་དེ་ཡི་སྤྱན་མིག་རིབ་འདུག །

ད་ནི་ང་ཡིས་མིག་ཆུ་མི་འདོན། །
ལས་དབང་གནམ་གྱི་རྒྱལ་མོར་མི་བཅོལ། །
སེམས་དང་བསམ་པའི་ན་ཟུག་བར་ནས། །
ཨམ་གཙིགས་སྡོམ་བཞིན་གླུ་ཞིག་ལེན་འདོད། །

ང་ཡི་གཅེན་པོ་བཀྲ་ཤིས་ཚེ་རིང་། །
ང་ཡི་གཅུང་མོ་བཀྲ་ཤིས་སྒྲོལ་མ། །
རྒྱུས་མེད་ཕྱི་མའི་ཡུལ་གྲུ་དེ་ནས། །
མཉེན་མོའི་རྣ་ཅོར་ལན་གཅིག་གཡོར་དང་། །

རེ་བའི་རྩམ་སྐྱ་རླུང་གིས་ཁུར་རུང་། །
དམིགས་པའི་གཏད་སོ་ས་རུ་ཐོར་རུང་། །
སེམས་དང་བསམ་པ་འོ་ཆུའི་ཟོལ་གྱིས། །
ང་ཡི་ལག་རྡང་ཁྱེད་ཚོར་སྦྲེལ་ཡོད། །

གྲུ་འཛིན་མགོན་དེ་སྙིང་ལ་སྒོམ་བཞིན། །
སྲིད་པའི་མཚོ་འདིར་ཞེན་ཐག་གཅོད་བཞིན། །
ཡིག་དྲུག་དབྱངས་རྟ་ངག་ལ་གྱེར་བཞིན། །
མཇའ་འོད་དཀྲིགས་པའི་ལམ་དེར་སྙོགས་ཤིག །

ཆོས་ཉིད་ཆེན་པོའི་བདེན་པ་བརྡར་བཞིན། །
བརྩེ་བ་ཆེན་པོའི་སྣང་བ་སྤྲོ་བཞིན། །
ཐུགས་རྗེ་ཆེན་པོའི་སྤྱན་རས་གཡོ་བཞིན། །
ཕྱག་ན་པད་མོས་ཁྱེད་ཚོར་གཟིགས་ཡོད། །

གདུང་བའི་སེམས་པ་གཅིག་ཏུ་སྦྲེལ་བཞིན། །
དམ་པ་ཆོས་ཀྱིས་སྐྱེལ་མ་ཞུ་བཞིན། །
སྙིང་རུས་ཆེན་པོས་འབྱུང་འགྱུར་སྙེག་བཞིན། །
གཞིས་བྱེས་བོད་མིས་ཁྱེད་ཚོར་གདོང་ཡོད། །

གཅེས་པའི་བུ་ལོའི་ནུ་ཞོ་སྟོར་བར། །
ཨ་མ་རྒན་མོའི་སེམས་རྟེན་ཆག་པར། །
ཤུལ་ལུས་སྤུན་ཟླའི་གཞི་རྟེན་ཐོར་བར། །
ཕྱི་ཡུལ་དེ་ནས་འཁྲེན་པ་མ་གནང་། །

འཇིག་རྟེན་མི་ཡི་དཀར་ངོགས་འདི་ན། །
རྟོགས་སད་མྱུ་གུའི་མགོ་བོ་འབུས་བཞིན། །
ལ་རྒྱའི་གླུ་ཆུང་ངག་ལ་འགུག་བཞིན། །
སྒང་བ་བོད་མིའི་དཔུང་རྡང་སྦྲེལ་ཡོད། །

ལ་དང་ལུང་བའི་རྒྱབ་མདུན་ཀུན་ནས། །
ཆུ་དང་གཙང་བོའི་བཞུར་བརྒྱུད་དག་ནས། །
གདོང་དམར་སེམས་ཀྱི་བརྩེ་བའི་བཞུར་རྒྱུན། །
སྐྱེ་རྒུའི་གྲོང་དུ་ཡུད་ཀྱིས་འཐེན་ཡོད། །

གཉེན་དང་ཕྲུ་གུའི་ངུ་ངག་གསོ་བཞིན། །
ཐལ་རྡུལ་ཐེབས་པའི་ཆག་གྲུམ་སུབ་བཞིན། །
མ་འོངས་ལམ་ལ་མིག་གིས་འཚོ་བཞིན། །
སྐྱེ་རྒུའི་འདུན་ལམ་འོད་ཀྱིས་བརྒྱང་ངེས། །

སྦྲང་རྩི་བྱུགས་པའི་གྲི་སོར་མི་འཐམ། །
ཅེ་སྤྱང་རྔམ་པོའི་མཆེ་བར་མི་འཇིགས། །
སྤོབས་པའི་མགོ་བོ་དགུང་དུ་འདེགས་བཞིན། །
སྲིད་པའི་གངས་རྒན་ཡར་ལ་བསླང་ངེས། །

མིག་མཐའི་མིག་སྐྱག་གཙང་མར་འབྱིད་བཞིན། །
གདོང་བ་སྐྱ་བོར་བྱི་དོར་བགྱིད་བཞིན། །
འདུ་ཤེས་གསུམ་པའི་རྨི་ལམ་དཀྲོགས་ཏེ། །
འོད་སྟོང་འབར་བའི་ལམ་ལ་ཆས་ངེས། །

རང་གི་རུས་རྐང་རང་གིས་བསྲུང་ངེས། །
ཞི་བདེའི་སྒྲོན་མེ་གླིང་དུ་སྦར་ངེས། །
ས་ཆེན་གོ་ལའི་སྒལ་སྟེང་འདི་ནས། །
གོམ་ཚིགས་བརྟན་པོས་ཀྲོང་ངེས་འགྲེང་ངེས། །

ལས་ཀྱི་བཀོད་པའི་སྐོས་ཐེངས་ཤིག་གིས། །
ད་ནི་ཁྱེད་ཚོ་གྱེས་དགོས་བྱུང་སོང་། །
ཞི་བ་ཆེན་པོའི་གྲོང་ཁྱེར་དེ་རུ། །
བརྩེ་སེམས་ཆེན་པོས་སྐྱེལ་མ་བྱེད་དོ། །


Saturday, April 24, 2010

ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།

སྐྱེ་དགུ་མདོའི་མི་མང་ལ་ཕུལ།
བྱ་སྨྱོན་པ།



ཞིམ་པོའི་རྨི་ལམ་མཇུག་ཏུ་མ་སྐྱེལ་བར།།
ཞོགས་ཟས་སྣུམ་པོ་ཁ་ལ་མ་རེག་གོང༌།།
གློ་བུར་རྐྱེན་ངན་རྡུལ་གྱིས་ཁེངས་གྱུར་བས།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

དོན་མེད་དགྲ་ཁ་རྩེད་བ་མ་ཡིན་མོད།།
འཇིགས་རུང་མཆེ་བ་རྣོན་པའི་ས་གཞི་འདིས།།
ཚེ་སྲོག་སྟོང་ཕྲག་རྫོགས་ཚིག་བཀོད་པ་ཡི།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

ལས་ཀྱི་རྣམ་སྨིན་ལ་སོགས་མི་ཤེས་མོད།།
གློ་བུར་མྱ་ངན་ཐང་གི་ངུ་འབོད་དག།
སྒང་བ་བོད་ལ་བྱུང་བའི་ཆག་སྒོ་སྟེ།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

མ་བུ་གསོན་བྲལ་བྱུང་བའི་སྡུག་བསྔལ་དང༌།།
ཕ་མེད་དྭ་ཕྲུག་ལུས་པའི་བྱིས་པ་ཚོ།།
མཛའ་བརྩེའི་ལག་རྡང་དང་ལྷོད་ཤོར་སོང་བས།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

འཚོ་བའི་ཁྱིམ་གཞི་དྲོན་མོ་བརླགས་གྱུར་ཏེ།།
ཉིན་མཚན་ཆོད་དཀའི་སྡུག་བསྔལ་བཟོད་དུ་མེད།།
ཁ་རྒྱབ་དབང་ཐང་ལ་སོགས་འཐོར་བ་ཡིས།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

མི་རྟག་སྐྱེ་འཆི་ཆོས་ཉིད་བཙན་པོ་ཡིས།།
སྙིང་རྗེའི་རིགས་མཐུན་གདོང་དམར་བོད་པ་ཡི།།
རྣམ་ཤེས་སྟོང་གི་རུས་རྐང་གཏོར་སོང་བས།།
ཕ་ཡུལ་མི་མང་མཐོང་ན་སེམས་པ་སྐྱོ།།

ལུས་ཀྱི་རྨ་ཁ་གསོ་བའི་ཐབས་ཡོད་ཀྱང༌།།
སེམས་ཀྱི་རྨ་ཁ་ནམ་ཡང་སོས་ཐབས་མེད།།
སྐྱེ་དགུའི་ཡུལ་གྱི་རྣམ་པ་རེ་རེ་ཡང༌།།
གངས་ཅན་བོད་མིའི་སེམས་ཀྱི་ན་ཟུག་ཡིན།།

ཐེངས་འདིར་འཕྲད་པའི་ས་འགུལ་གོད་ཆག་གིས།།
བོད་མི་སྟོང་ཕྲག་ཚེ་སྲོག་འཕྲོག་ནའང༌།།
ང་ཚོ་ཤི་བོ་རྗེས་ཀྱི་གསོན་པོ་ཡིན།།
འཚོ་བའི་གདེངས་སྤོབས་ཅིས་ཀྱང་ཡོད་དགོས་སོ།།

ཚེ་ཡི་བར་ཆད་འདི་འདྲ་འཕྲད་གྱུར་ཚེ།།
གསོལ་བ་སྨོན་ལམ་གང་མང་འདེབས་འོས་པས།།
རྒྱང་རིང་རི་སྟོང་བཅད་པའི་ས་མཐའ་ནས།།
ཕ་ཡུལ་དྲན་བཞིན་མྱ་ངན་གུས་འདུད་ཞུ།།
༢༠༡༠ ༤ ༢༤

Friday, April 23, 2010

རྫ་སྐྱེ་རྒུའི་ཆག་འཇིག

ཁ་བ་ལྷ་མོ།

གསུམ་པའི་བཅུ་བཞི་བཞི་བའི་བཅུ་བཞི་ཉི་ནག་འདི་དག་ཅི་ཞིག་ཡིན། །
གདོང་དམར་ཚང་གི་དམར་པོ་ཁྲག་གིས་སུ་ལ་བུ་ལོན་ཆད་དམ་ཅི། །
སྔོན་མོ་གནམ་འདིར་མིག་ཅིག་མི་འདུག་མི་ཁྲལ་བསྡུ་རུ་ཡོང་ཡོང་འདྲ། །
དོག་མོ་ས་འདིར་སེམས་ཤིག་མི་འདུག་མི་ཁྲག་གཞིབ་ཏུ་ཐོན་ཐོན་འདྲ། །

ཡབ་ཆེན་ཚོ་ཡ་ཡུམ་ཆེན་ལགས་ཡ་བུ་ལོའི་ངུ་འབོད་མི་ཐོས་སམ། །
གཅེས་ཕྲུ་ཚོ་ཡ་སེམས་རྟེན་ལགས་ཡ་ཕ་མའི་མྱ་ངན་མི་ཚོར་རམ། །
བརྒྱ་འབོད་སྟོང་འབོད་རི་ལ་བྱས་ཀྱང་ཨ་ལན་ཡང་ལན་མེད་འདི་ཅི། །
བརྒྱ་འཚོལ་སྟོང་འཚོལ་ཐང་ལ་བྱས་ཀྱང་ཁ་འཕྲད་ངོ་འཕྲད་མེད་འདི་ཅི། །

མི་རོ་རྗེན་པ་རྗེན་པར་བརྩིགས་ནས་གྲམ་ཐང་གཞོང་ཐང་བཀང་ནས་ཐལ། །
མི་ཁྲག་ཁོལ་མ་ཁོལ་མར་བཞུར་ནས་གཙང་གསུམ་ཁ་དོག་བསྒྱུར་ནས་ཐལ། །
གཙུག་གི་པཎ་ཆེན་རྩ་བའི་བླ་མ་ད་ལྟ་ཁམས་འདིར་བཞུགས་ན་ཨང་། །
ཕྱི་ཡུལ་འགྲིམས་པའི་སྐྱབས་མགོན་ཉིད་ཀྱང་ད་ཆ་ཉིད་དུ་བྱོན་ན་ཨང་། །

བདག་པོ་བོར་བའི་འདོ་བ་སྒ་ཡན་སྐྱེ་རྒུའི་ཐང་ན་འཚེར་ཞིང་རྒྱུགས། །
བདག་མོ་ཤོར་བའི་འབྲི་མོ་ནུ་ཡན་སྐྱེ་རྒུའི་མདོ་ན་ངུར་ཞིང་རྒྱུགས། །
སྐྱེ་རྒུ་བཅོམ་པའི་རྨ་ཁ་འདི་ཉིད་ས་ཆེན་ཁྱོད་ཀྱིས་གསུབ་ཐབས་མེད། །
སྐྱེ་རྒུ་བརླགས་པའི་ནག་ཉེས་འདི་ཉིད་ལག་དམར་ཁྱོད་ཀྱིས་གསང་ཐབས་མེད། །



ས་གཞིས་བྱིན་པའི་མིག་ཆུ །

ཆབ་བྲག་འཁྱམས་པོ །


ས་གཞི་ཡི་གཡོ་འགུལ་རེ་རེས །
ང་ཚོར་སྐྱོ་ལྷང་ལྷང་གི་ན་ཟུག་བྱིན །
དུས་དེ་ནས་བཟུང་མཚན་མོར་གཉིད་མི་འོང་ལ །
ཉིན་མོར་ཟས་ཟ་འདོད་ཀྱང་ཡེ་ནས་མེད །
ང་ཚོའི་སྡུག་བསྔལ་རི་ལས་ལྕི་བས །
ཁྱོད་ཀྱིས་དེ་ལྟར་མ་བྱེད་རོགས །


རྔུལ་ཆུ་རེ་རེ་ས་ལ་ལྷུང་ཚེ །
ཚེ་སྲོག་རེ་རེའི་ལྗང་བུ་འབུས །
ལས་ལ་བརྩོན་པའི་དཔའ་བོ །
བློ་སེམས་དཀར་བའི་སྤུན་ཟླ །
ཁྱེད་ཚོའི་བཀའ་དྲིན་གསེར་ལས་ལྷག
ཁྱེད་ཚོའི་གཟི་བྱིན་འོད་དུ་འཚེར །


འཇིགས་སུ་རུང་བའི་ས་གཞི་ཡ། ས་གཞི །
དུས་དེ་རིང་།
ཁྱོད་ལ་བྱམས་བརྩེ་མེད་པ་གཞི་ནས་རྟོགས །
ང་ཚོ་ཤི་བ་མང་ལ་གསོན་པ་ཉུང་བས །
སྐྱོ་གདུང་གི་མིག་ཆུ་སླར་ཡང་འཐོར །


ང་ཚོ་གཏན་དུ་སྐྱིད་སྣང་འཆར་བའི་
གནས་འདི་ནས་འཚོ་ཆོག་པར་ཞུ །
ཁྱོད་ཀྱིས་སྡུག་ལ་གཏད་པའི་མིག་ཆུ་དེ །
དུས་ནམ་ཞིག་ལ་སྐམ་སྲིད །
ས་གཞི་ཡ ། ས་གཞི །

༢༠༡༠ .༤. ༡༦. ཉིན་རྨ་ལྷོ་ཁུལ་ནས་བྲིས།

ལྷིང་འཇགས་ཀྱི་དར་མདོ་ན་སྡུག་གི་འོ་དོད་གཅིག་ཡོད།

ཀ་ཀོ་ལ།

སྡུག་གི་ཐོ་བས་ནམ་རྒྱག་ཆ་མེད་རེད།།
སྐྱིད་ཀྱི་སྔ་མ་ནམ་ཆད་ཚོར་མེད་རེད།།
སྐད་ཅིག་འགུལ་བའི་མི་རོ་བརྩེགས་གྱུར་བའི།།
རིགས་གཅིག་ཡུལ་ཤུལ་འདས་པོ་སྙིང་རེ་རྗེ།།

དད་པ་གང་ལ་གཏད་ཀྱང་ཚོར་མེད་རེད།།
རེ་བ་སུ་ལ་ཞུས་ཡང་ཕན་མེད་རེད།།
སྐུ་གསུང་ཐུགས་གྱི་མདུན་ནས་བཞུད་ཟིན་པའི།།
རིགས་གཅིག་ཡུལ་ཤུལ་འདས་པོ་སྙིང་རེ་རྗེ།།

སྐྱེས་པ་དོན་ལྡན་བསམ་ན་ཡིད་དགའ་ཡང་།།
འཆི་བ་གློ་བུར་སྙམ་ན་གཟུགས་འདར་གི །
བསམ་དབང་དྲན་དབང་མེད་པར་གཏོར་སོང་བའི།།
རིགས་གཅིག་ཡུལ་ཤུལ་འདས་པོ་སྙིང་རེ་རྗེ།།

ས་ཡོམ་རྗེས་ཀྱི་སྐད་ཆ་ཚིག་གསུམ།

འབའ་གངས་ཆར།

གནམ་གྱི་རྒྱལ་མོའི་བཀའ་ཡིག་ཡིན་ནམ།།
ས་གཞིའི་གདོན་གྱི་འཁུ་འཁྲིགས་ཨེ་ཡིན།།
གློ་བ་གློ་བུར་ཉེས་མེད་འགྲོ་ལ།།
གནམ་གྱི་ཆ་ཞིག་བརྡིབས་ནས་བུད་སོང་།།

མཐོང་ན་མིག་གིས་བཟོད་ཐབས་བྲལ་ཞིང་།།
བསམ་ན་སེམས་ཀྱང་འགས་པར་བྱེད་པ།།
ས་གཞི་བདུད་མོའི་སོ་ཞོས་འཆོས་པའི།།
གནས་དེ་མཐོང་ན་མཆི་མ་འགྲིལ་འོང་།།

ཉེས་མེད་ཉམ་ཆུང་རང་རིགས་མགོ་ལ།།
བཟོད་མེད་སྡུག་བསྔལ་གཅིག་ཐོག་གཉིས་བརྩེགས།།
ཚུལ་འདི་མཐོང་བའི་མགོན་ཞིག་ཡོད་ན།།
ད་ནི་སྐྱོབ་དགོས་བྱུང་རན་འདུག་གོ།

ཀྱེ་མ་རོ་ཡི་རི་ཞིག་བརྩིགས་ཤིང་།།
ངུད་མོའི་སྒྲ་དང་ཆོབ་སྒྲའི་གསེབ་ན།།
རྣ་ཐོས་ཁྲོད་ཀྱི་དམྱལ་བའི་སེམས་ཅན།།
མངོན་སུམ་ཡུལ་འདིར་ས་ཁར་བུད་འདུག།

ཟོལ་དང་སེམས་ཀྱི་གཏིང་ནས་སྐྱོ་མཁན།།
དངོས་ཤུགས་གཉིས་ན་མང་ཙམ་འདུག་གི།
དོན་དམ་སེམས་ཀྱི་གཏིང་ལ་ན་མཁན།།
མི་ཡུལ་འདི་ན་ག་ཙམ་འདུག་གམ།།

ད་ནི་སྐྱོབ་པའི་ལྷ་ཞིག་ཕར་ཞོག།
མི་ཡིས་མཐོང་ཡང་མིག་ཆུ་འཆོར་ན།།
འོད་གསལ་དབྱིངས་ན་ཞི་བར་གཟིམས་པའི།།
བག་ཕེབས་རྨི་ལམ་རྨི་ཚད་འཇོག་རན།།

བཙན་དང་སྒྲིག་གིས་དེད་ནས་འོང་བའི།།
མྱུར་སྐྱོབ་མཁན་པོ་རྣམ་པ་སྣ་ཚོགས།།
གཙོ་བདག་མདུན་ནས་ཚུལ་འཆོས་བྱེད་པའི།།
ཚུལ་འདི་ཐོས་ན་སྙིང་རྩ་འདར་འོང་།།

རིགས་ཞེན་སྙིང་རྗེས་བསྐུལ་ནས་ཕེབས་པའི།།
རང་མི་སྤུན་ཟླའི་དཔུང་རྡང་སྦྲེལ་ཏེ།།
འཛེམས་མེད་མྱུར་སྐྱོབ་བྱེད་པའི་ངང་ཚུལ།།
ཐོས་ན་སྙིང་ཁམས་ཁད་ཀྱིས་བཟི་འགྲོ།

དྲ་དང་བརྙན་འཕྲིན་སྐུད་སྣེ་རེ་ན།།
བལྟ་དང་ཉན་མཁན་ཁྲི་མ་འབུམ་ཕྲག།
སྐྱོ་སྡུག་ཁུར་བོས་མནན་པའི་འོག་ན།།
གདོང་གི་མིག་ཆུ་སེམས་ལ་འཁྱིལ་ཡོད།།

ཨ་མའི་བུ་རྒོད་གངས་རིའི་བོད་པ།།
སྡུག་ཀྱང་མཆི་མ་ཁོང་ལ་མིད་ནས།།
སྙིང་ལ་རུས་པ་བསྐྱེད་རེ་རན་ན།།
ཨམ་གཙིགས་བསྡམས་ནས་ཡར་ལ་ལོངས་ཤིག།


ཆོལ་གསུམ་ཡུལ་གྱི་ཁྲི་སྡེ་བཅུ་གསུམ།།
ནམ་ཡང་གཅིག་སེམས་གཅིག་ལ་བསྙེས་ཡོད།།
ཕན་ཚུན་སྐྱོ་སྡུག་འཁུར་རོགས་ཡིན་པས།།
ཁམས་པའི་བུ་རྒོད་ཞེ་རྩ་མ་ལྷོད།།

༢༠༡༠.༤.༢༡ལ་བྲིས།

ངའི་སྙིང་ཉེ་བའི་ཡུལ་ཤུལ་བ།

བྲོས།

ས་སྒང་ཧྲིལ་བོ་འདིས་རོལ་རྩོལ་རྩེད་ཐེངས་གཅིག་གིས
ངའི་ཕུ་ནུ་མིང་སྲིང་ཚོའི་ལག་རྡང་གཏོར་སོང་།
སྙིང་ཉེ་བའི་ཁོ་ཚོ།
མིག་ཆུ་དང་ངུ་ངག་ཁྲོད་ན།
སྐྱོ་གདུང་དང་མྱ་ངན་ཁྲོད་ན།
མགོན་མེད་སྐྱབས་མེད་དུ་ལུས་པའི་ང་ཚོ་ལ།
དཀོན་མཆོག་ལགས། རྒྱུ་འབྲེས་ལྟ་བུའི་ཐ་སྙད་བརྗིད་པོ་དེའི་མཁའ་དབྱིངས་ཀྱི་འོད་ཟེར་དང་ཁ་དོག་གང་དུ་ཆས་སོང་།
གནམ་རྒན་མས་འགྲོ་མའི་ཁེ་དབང་ལ་ལྟ་ཚུལ་གྱི་མིག་དབང་མི་འདྲ་བའི་ང་ཚོ་ནི།
ཇི་འདྲའི་གཉོམ་དྲགས་པའི་མི་རིགས་ཤིག་རེད་ཨང་།
ངའི་ཕུ་ནུ་མིང་སྲིང་ཚོ་སེམས་མ་ཕམ།
ང་ཚོས་མདུན་སྐྱོད་ཀྱི་སྤོབས་པ་ཞུམ་མི་སྲིད།
ང་ཚོ་ནི་ཁྱེད་ཚོ་དང་ཁ་ཐག་ཆེས་ཉེ་མའི་ཕུ་ནུ་ཚོ་ཡིན་སྲིད།ངའི་སྙིང་ཉེ་བའི་ཡུལ་ཤུལ་བ།

ས་སྒང་ཧྲིལ་བོ་འདིས་རོལ་རྩོལ་རྩེད་ཐེངས་གཅིག་གིས
ངའི་ཕུ་ནུ་མིང་སྲིང་ཚོའི་ལག་རྡང་གཏོར་སོང་།
སྙིང་ཉེ་བའི་ཁོ་ཚོ།
མིག་ཆུ་དང་ངུ་ངག་ཁྲོད་ན།
སྐྱོ་གདུང་དང་མྱ་ངན་ཁྲོད་ན།
མགོན་མེད་སྐྱབས་མེད་དུ་ལུས་པའི་ང་ཚོ་ལ།
དཀོན་མཆོག་ལགས། རྒྱུ་འབྲེས་ལྟ་བུའི་ཐ་སྙད་བརྗིད་པོ་དེའི་མཁའ་དབྱིངས་ཀྱི་འོད་ཟེར་དང་ཁ་དོག་གང་དུ་ཆས་སོང་།
གནམ་རྒན་མས་འགྲོ་མའི་ཁེ་དབང་ལ་ལྟ་ཚུལ་གྱི་མིག་དབང་མི་འདྲ་བའི་ང་ཚོ་ནི།
ཇི་འདྲའི་གཉོམ་དྲགས་པའི་མི་རིགས་ཤིག་རེད་ཨང་།
ངའི་ཕུ་ནུ་མིང་སྲིང་ཚོ་སེམས་མ་ཕམ།
ང་ཚོས་མདུན་སྐྱོད་ཀྱི་སྤོབས་པ་ཞུམ་མི་སྲིད།
ང་ཚོ་ནི་ཁྱེད་ཚོ་དང་ཁ་ཐག་ཆེས་ཉེ་མའི་ཕུ་ནུ་ཚོ་ཡིན་སྲིད།ངའི་སྙིང་ཉེ་བའི་ཡུལ་ཤུལ་བ།

ས་སྒང་ཧྲིལ་བོ་འདིས་རོལ་རྩོལ་རྩེད་ཐེངས་གཅིག་གིས
ངའི་ཕུ་ནུ་མིང་སྲིང་ཚོའི་ལག་རྡང་གཏོར་སོང་།
སྙིང་ཉེ་བའི་ཁོ་ཚོ།
མིག་ཆུ་དང་ངུ་ངག་ཁྲོད་ན།
སྐྱོ་གདུང་དང་མྱ་ངན་ཁྲོད་ན།
མགོན་མེད་སྐྱབས་མེད་དུ་ལུས་པའི་ང་ཚོ་ལ།
དཀོན་མཆོག་ལགས། རྒྱུ་འབྲེས་ལྟ་བུའི་ཐ་སྙད་བརྗིད་པོ་དེའི་མཁའ་དབྱིངས་ཀྱི་འོད་ཟེར་དང་ཁ་དོག་གང་དུ་ཆས་སོང་།
གནམ་རྒན་མས་འགྲོ་མའི་ཁེ་དབང་ལ་ལྟ་ཚུལ་གྱི་མིག་དབང་མི་འདྲ་བའི་ང་ཚོ་ནི།
ཇི་འདྲའི་གཉོམ་དྲགས་པའི་མི་རིགས་ཤིག་རེད་ཨང་།
ངའི་ཕུ་ནུ་མིང་སྲིང་ཚོ་སེམས་མ་ཕམ།
ང་ཚོས་མདུན་སྐྱོད་ཀྱི་སྤོབས་པ་ཞུམ་མི་སྲིད།
ང་ཚོ་ནི་ཁྱེད་ཚོ་དང་ཁ་ཐག་ཆེས་ཉེ་མའི་ཕུ་ནུ་ཚོ་ཡིན་སྲིད།

༢༠༡༠ ༤ ༡༩

གོད་ཆག

4.14བོད་ཁམས་ཡུལ་ཤུལ་གྱི་ས་འགུལ་དོན་རྐྱེན་ཆེན་མོ་ལ་བྲིས་པ།
སྒོ་ཡོན།

རླུང་གི་འཁོར་ལོ་ཡོམ་ཡོམ་འགུལ་ཙམ་གྱིས།།
ས་ཡི་གཤོག་པ་འདར་འདར་བྱས་ཙམ་གྱིས།།
ང་ཡི་གློ་བ་འདྲེས་པའི་བོད་ཁམས་པ།།
གནམ་གྱི་རྒྱལ་མོའི་འོག་ནས་སྡོད་མ་བཅུག།

འོད་ཀྱི་དྲོད་ཟེར་ལྷོ་ནས་མ་འཆར་གོང་།།
རེ་བའི་རི་མོ་རི་ལ་མ་བྲིས་གོང་།།
སྙིང་གི་མཐིལ་ལ་འཁྱིལ་བའི་བོད་ཁམས་པ།།
མི་ཡུལ་དཀར་ངོགས་ཞིང་ནས་གསོན་མ་ཐུབ།།

གྱེས་ཕྱག་འཇོག་པའི་ཐོབ་ཙམ་མེད་བཞིན་དུ།།
ཕྱིར་བལྟས་གནང་བའི་དུས་ཙམ་བྲལ་བཞིན་དུ།།
ཟུངས་ཁྲག་གངས་ལ་བཅོལ་བའི་བོད་ཁམས་པ།།
ཐལ་རྡུལ་སྐྱེལ་མའི་ཀློང་ནས་གཏན་དུ་བཞུད།།

བརྩེ་བ་སྨིན་མར་འཐིམ་པའི་ན་གཞོན་རིགས།།
རྒས་པ་སྒོ་ཁར་བསླེབས་པའི་ལོ་ལོན་ཚོགས།།
བདེ་བ་གདན་དུ་འདང་བའི་བོད་ཁམས་པ།།
སྔ་ཕྱི་བར་ཁྱད་མ་བྱིན་གཅིག་ཏུ་རྫོགས།།

རིགས་ཀྱི་དཔུང་བ་མཉམ་དུ་གཤིབ་པ་ཡི།།
སེམས་ཀྱི་གཏད་ཕྱོགས་ལྷན་དུ་བཅངས་པ་ཡི།།
ང་ཡི་རུས་པ་ཟུག་པའི་བོད་ཁམས་པ།།
འདི་ལྟར་སྐྱོ་བས་ཆས་ཤིང་སྐྱོ་བས་བྲལ།།

མཁའ་དབུགས་གནག་པའི་ཉིན་མོ་འདི་དག་ལ།།
ཁོར་ཡུག་རུབ་པའི་མཚན་མོ་འདི་དག་ལ།།
བེམ་གཟུགས་ཐང་ལ་གཏོར་བའི་བོད་ཁམས་པ།།
མཆི་མའི་ཤག་སྒྲ་འདི་ཡི་སྔོན་དུ་ཚར། །


ཆབ་སྲིད་མྱུལ་ཞིབ་པ་ཡི་འཕྲུལ་རྩེ་ན།།
སྲིད་འཛིན་དཔོན་པོ་དག་གི་མདུན་རོལ་ན།།
འཚོ་བ་རྡོ་ལ་བརྡབས་པའི་བོད་ཁམས་པ།།
རྒྱལ་སྲུང་དར་ཡུ་ཙམ་གྱི་མྱ་ངན་ཡིན།།

བྱམས་སྐྱོང་གྲྭ་བ་རྣམས་ཀྱི་མིག་མཐའ་ན།།
རོགས་སྐྱོར་གྲོང་བ་ཀུན་ཀྱི་སེམས་ནང་ན།།
ཕྱིར་འོང་ནམ་ཡང་མེད་པའི་བོད་ཁམས་པ།།
བརྩེ་དུངས་སྲ་མོ་འདི་ཡི་ཕྱེད་ཀ་ཡིན།།

ཕ་ས་དྲོན་མོའི་དཀྱིལ་གྱི་ཆག་ཀྲུམ་འདི།།
བོད་རིགས་བྱེ་བ་བདུན་གྱི་གས་ཀ་འདི།།
དུར་ཁུང་ཁྲག་ལ་བརྫིས་པའི་བོད་ཁམས་པ།།
ཡོད་ཚད་དབྱིངས་ལ་བཞག་པའི་ལོ་རྒྱུས་ཡིན།།

ཁྱོད་ཚོ་འདི་ལྟར་གཤེགས་པས་མི་ཚེ་རྟོགས།།
ཁྱོད་ཚོ་འདི་ལྟར་ཕྱིན་པས་མི་ལུས་མཐོང་།།
རེ་སྨོན་རྒྱང་ལ་སྦས་པའི་བོད་ཁམས་པ།།
མི་དོན་རྫུན་པར་བཟོ་བའི་དཔང་བོ་ཡིན།།

འགྲོ་མིའི་ཚོགས་ཀྱིས་གདུང་ཡས་འཐེན་གྱིན་ཡོད།།
སྤུན་ཟླའི་རིགས་ཀྱིས་སྐྱེལ་ཚིག་ཞུ་བཞིན་ཡོད།།
འཇིགས་པའི་རྨི་ལམ་རྨིས་པའི་བོད་ཁམས་པ།།
འཇིག་རྟེན་ལག་ནས་ཤོར་བའི་མགྲོན་པོ་ཡིན།།

ཁྱོད་ཚོ་རྗེས་ཤུལ་མེད་པར་སོང་ན་ཡང་།།
ཁྱོད་ཚོས་སྡུག་བསྔལ་འཁུར་བཞིན་ཚར་ན་ཡང་།།
ང་ཡི་སྙིང་ལ་ཐོགས་པའི་བོད་ཁམས་པ།།
ང་ཡི་ཚེ་ལུས་གཅིག་གི་ཁུག་པ་ཡིན།།

༢༠༡༠ ༤ ༡༩ཉིན་རྒྱ་མིའི་གྲོང་ཁྱེར་ཁྲེང་ཆིན་ནས་སྐྱོ་གདུང་དྲག་པོས་སྦྱར།

ནངས་མོ་དེ་བརྗེད་མ་ཐུབ།

སྐྱེ་དགུ་མདོའི་ས་ཡོམ་རྗེས་སུ།
ཉི་མ་འཚོ།

ས་རྡུལ་གྱི་ཁྲོད་ནས
ཚེ་སྲོག་གི་རྒྱུ་བ་རེ་རེ་འགག་དུས
འཕྲོས་འགུལ་གྱི་ཁྲོད་ནས
མྱུར་སྐྱོབ་ཀྱི་དབུགས་རྔ་རེ་ རེ་རྙེད་དུས
ས་ཆེན་པོའི་ཁྲོ་གཉེར་གྱིས་བཏུམ་པའི་སྐྱེ་དགུ་མདོ
ངུ་ངག་གིས་བདས་ཤིང
ཉིན་མཚན་གྱི་གོ་རིམ་མེད་པར་གྱུར

ཡ་ང་བའི་ནངས་མོ་དེར
ས་ ཆེན་མོས་ཀུ་རེ་ཐེངས་ཤིག་གིས
སྐྱེས་ཕྲུག་བོར་བའི་ཕ་མ་མང་པོ་སྨྱོན་པར་ གྱུར་ཐལ
ཕ་མ་གྲོངས་པའི་བུ་ཕྲུག་མང་བོ་དྭ་ཕྲུག་ཏུ་གྱུར་ཐལ
ཨ མ་བུ་གསོན་བྲལ
ཨ ཕ་མེད་དྭ་ཕྲུག
གནམ་འོག་ན་འདི་ལས་ལྷག་པའི་སྡུག་ བསྔལ་ཞིག་གང་ན་ཡོད

ཧ་ཅང་སྐད་ཅིག་གིས་ངང་ལ
མཛེས་སྡུག་གིས་ཁེངས་ པའི་ཕ་ཡུལ
རྩྭ་ཐང་གིས་བརྒྱན་པའི་སྐྱེ་དགུ་མདོ
སུས་ཀྱང་མཐོང་དཀའ་བའི་ མྱ་ངན་གྱི་ཐང་ཆེན་དུ་གྱུར་སོང
སུས་ཀྱང་བཟོད་དཀའ་བའི་སྡུག་བསྔལ་གྱི་མཚོ་ མོར་འཐིམས་སོང

གློ་བུར་གློ་བུར་དུ
རྣམ་ཤེས་སྟོང་ཕྲག་གི་རུས་རྐང་ འཐོར་ནས་འགྲོ་དུས
ཁྱིམ་གཞི་སྟོང་ཕྲག་གི་ཀ་བ་འགྱེལ་ནས་འགྲོ་དུས
སྙིང་ ལ་ཙག་ཤེད་རྒྱག་བཞིན་པའི་ཐག་རིང་གི་ང་ཚོས་ཀྱང
མཆོད་མེ་དང་ཡིག་དྲུག་གི་ ཀློང་ནས
མྱ་ངན་གྱི་མཆི་མ་གཏོང་གི་ཡོད
སྨོན་ལམ་གྱི་བསྔོ་བ་འབུལ་གྱི་ཡོད

༢༠༡༠ལོའི་ཟླ་༤ ཚེས་༡༧ཉིན།

དག་ཞིང་གི་འོད་ཟེར་ལ་རེ་བའི་གླུ།

བཞི་གཅིག་བཞིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་ལ་ཕུལ་བ།
རྫ་ཤུལ་འཇམ་དཔལ་རྡོ་རྗེ།

ཉི་མ་ནག་པོ་ཞིག་ཚེས
དུས་མཚུངས་སུ་ཟླ་འོད་ཀྱང་བྱེ་ཐང་ཏུ་ཤར
ཚེ་སྲོག་ལ་གྱེར་བའི་གཞས་སྐད་དེས
སའི་གོ་ལའི་ཕྱེད་ཀ་འོད་སྣང་དང
ཕྱེད་ཀ་མུན་ནག་ཡིན་པ་མཚོན
ཤོག་བུའི་ངོས་སུ་བྲིས་པའི་རི་མོ་དག
སྐད་ཅིག་སྐད་ཅིག་ཏུ་འཇིག་པས
འཇིགས་སྐྲག་གིས་བསུས་པའི་མུན་པ་མཁྲེགས་པོའི་ངོས་སུ
མིག་ཆུ་ལྟ་བུའི་སྡུག་ཡུས
སྐར་ཚོགས་ལྟར་བཀྲམ་ཡོད
དེ་རིང ས་བདག་གི་སྙིང་ཁམས་ལ་རླུང་ལྡང་བྱུང
རླུང་འཚུབ་ཀྱིས ཉི་ཟླའི་ཁྱེའུ་དག་ཁྱུར་མུད་བཏང་རྗེས
གཞན་དག་གི་སེམས་པའི་མེ་ལོང་དུ
ངེས་པར་གད་སྙིགས་སུ་བསྲེ་དགོས་པའི་མཛའ་བརྩེ་སྤུངས
མིག་ཆུ་ནི་ཆུ་ཤེལ་ལས་དྭངས་ཤིང
མིག་མདུན་གྱི་རི་རབ་དང་གཙང་བོ་སྐྱ་ཤུར་ཤུར་དུ་མཐོང
རླུང་འཚུབ་དེའི་ངོས་སུ
ཡུལ་ལྗོངས་དང་མེ་ཏོག་གི་རྨི་ལམ་འཁྱག་བསིལ་བསིལ་ཏུ་ལྡང་ཞིང
གངས་རིའི་སྙིང་དང་ཆུ་ཀླུང་གི་ཁྲག་ལས་བྱོན་པའི་བྱམས་སྙིང་རྗེ་ཡོད་ཚད
མུན་པའི་ཁ་རླངས་ཀྱིས་སྒུལ་བའི་ནགས་ཀློང་ཕྱུག་མོ་ཇི་བཞིན་ཚང་ཚིང་གཡོ
མི་རྣམས་ཀྱིས སེམས་ཀྱི་རྨ་ཁར་བབས་པའི་གོར་མའི་ཟུར་ཁ
གདུང་སེམས་ཀྱི་ངར་ལྕགས་ལ་བརྡར་ཏེ
ཞོར་དུ ཚ་དམྱལ་དང་གྲང་དམྱལ་བགྲོད་བྱེད་ཀྱི
ཟུངས་ཡིག་གི་རྐང་འབོབ་ཏུ་བསྒྱུར་ངེས
དག་ཞིང་གི་འོད་ཟེར་ཁྱེར་ཡོང་ནས
ཁྱོད་ཚོའི་རྣམ་ཤེས་ལ་བྱབས་ཁྲུས་བྱེད་ངེས

༢༠༡༠ ༠༤ ༡༩རྒྱ་ནག་གི་གྲོང་ཁྱེར་ལན་གྲུ་ནས་སྦྱར།

སྙིང་དབུས་ཀྱི་སྐྱེ་རྒུ།

གཅན་བཟོད་རྒྱམ།


ས་གཡོས་པས
ཚེ་སྲོག་སྟོང་ཕྲག་འགའ
གཤིན་རྗེའི་སྒོ་དྲུང་དུ་བརྫངས་སོང

ས་གཡོས་པས
རྨས་མ་ཁྲི་ཕྲག་འགའ
རྒྱ་བོད་ཀྱི་སྨན་ཁ་དུ་བསྐྱལ་སོང
ས་གཡོས་པས
ཤུལ་ལུས་ཀྱི་མི་དམངས་འབུམ་ཁྲག
ལྟོག་སྐོམ་དང་སྐྱོ་སྡུག་ལ་སྦྱར་སོང
ས་རིམ་པ་བདུན་ཚགས་གཅིག་གཡོས་པས
སྐྱེ་རྒུ་ནི་གྱང་ཆགས་ཆ་སེ
ཤིང་ཆགས་རབ་སེ
སྐྱེ་རྒུའི་སྐྱེ་བ་བརྗེས་སོང
ཕུང་བོ་བསྲེགས་པའི་དུད་ནག་སྤྲིན་ལ་འདྲེས་སོང
རྨས་མ་སྐྱོབས་པའི་བྲེལ་འཚུབ་རླུང་དང་བསྡེབས་བྱུང
མིག་ཆུ་བཞུར་བའི་རྒྱུན་ཐག་གཙང་བོར་འདྲེས་སོང
ཀྱེ་མ དམྱལ་བ་ནི་ཅི་འདྲ་ཡིན་ནམ
དེ་རིང་གི་སྐྱེ་རྒུ་ནི་དམྱལ་བ་མིན་ནམ
ཡང་ན་དམྱལ་བ་ནི་དེ་རིང་གི་སྐྱེ་རྒུ་རེད
ལྷམ་ལྷེམ་དུ་འབར་བའི་མར་མེའི་འོད་སྣང་བོད་ཡུལ་ནས་འཛམ་གླིང་ན་འབར
སྐྱོ་གདུང་དང་ངུ་ངག་འདྲེས་པའི་མ་ཎི་སྐྱེ་རྒུ་ནས་འཛམ་གླིང་ན་འདོན
སྐྱེ་རྒུ་ཨ སྐྱེ་རྒུ་བ
འདས་ཟིན་པའི་སྐྱེ་རྒུ་བ
ན་ཞིང་མནར་བཞིན་པའི་སྐྱེ་རྒུ་བ
སྡུག་ཅིང་སྐྱོ་གྱིན་པའི་སྐྱེ་རྒུ་བ
ང་དང་ངའི་རིགས་ཀྱི་སེམས་པས་ཞལ་འདེབས་རེ་ཕུལ
སེམས་ཀྱིས་མ་ཎི་རེ་འདོན་བཞིན
མཚོ་སྔོན་དང་སུ་ཁྲོན་བརྙན་འཕྲིན
ད་དུང་དྲ་ཚིགས་དག་གིས
ཡ་ང་ཞིང་སྐྱི་གཡའ་བའི་དེང་གི་སྐྱེ་རྒུ་ངའི་མིག་ལམ་དུ་བསྟན
བསྟན་སོང་བའི་གནས་ཚུལ་དག་ནི
ངས་ཤེས་པའི་ཡིག་འབྲུ་དག་གིས་ནམ་ཡང་བརྗོད་ནུས་བྲལ་སོང་སྟེ
སྐྱེ་རྒུ་འགུལ་རྗེས་བོད་མི་རིགས་འགུལ་བྱུང
ཀྲུང་གོ་འགུལ་བྱུང
འཛམ་གླིང་འགུལ་བྱུང
འགུལ་སྟངས་དེ
དེ་བས་ཀྱང་བརྗོད་ནུས་བྲེལ་སོང་ཡ
ཨ་་་་་་་་
ངའི་སྙིང་དབུས་ཀྱི་སྐྱེ་རྒུ་ཨ
ཧྲིལ་བོར་ཤོག་དང
བོད་རྒྱ་མི་རིགས་དང་འཛམ་གླིང་མི་དམངས་ནམ་ཡང་ཁྱོད་དང་ཧྲིལ་བོར་ཡོད་ཨང

སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་བཞི་བའི་ཚེས་༡༩་ཉིན་གྱི་ཞོགས་པར་བཞུགས་སྒར་རྡ་ས་ནས།


ལས་འབྲས་ཀྱི་མིག་ཞར་འདུག

འོད་དཀར།

འོ་དོད་ཁྲི་ཡིས་སྐྱེ་རྒུའི་སྤུན་ཟླའི་ངུ་ངག་འབུམ་གྱི་གུ་ཅོ་འདི།།
བདག་གི་སེམས་ནས་ཡལ་ཐབས་མེད་པའི་སྐྱོ་བ་གཅིག་གི་དྲན་གདུང་ཐལ།།
བལྟས་ཀྱང་མིག་གི་མི་བཟོད་འདས་བོ་ཁྲི་ཡིས་བེམ་པོ་འདི།།
བདག་གི་སྐྱེ་རྒུའི་སྤུན་གྲོགས་རྣམས་ཀྱི་ཚེ་སྲོག་འཕྲོག་པའི་དངོས་བྱུང་རེད།།

ལོ་ངོ་སྟོང་གི་བརྒྱུད་རིམ་ཁྲོད་ནས་དེ་རིང་འབྱུང་བའི་གོད་ཆག་འདིས།།
སྐྱེ་བོ་ཁྲི་ཡི་ཚེ་སྲོག་འཕྲོག་ནས་དུད་ཚང་སྟོང་གི་རིག་རྒྱུད་བཅད།།
བྱིས་པ་སྟོང་གི་གུ་ཅོ་འདོན་པའི་གཤིན་ཡུལ་སྐྱེ་རྒུའི་གྲོང་བརྡལ་དེར།།
ད་ནི་དཀོན་མཆོག་ལྷ་ཡིས་གཟིགས་དགོས་དེའི་ཕྱིར་བདག་གི་མ་ཎི་བགྲངས།།

བོད་ལ་ཡོད་པ་ནང་ཆོས་ཡིན་ཞིང་ཀུན་པོས་ཤེས་པ་མ་ཎི་ཡིན།།
དེ་རིང་མ་ཎི་ཡིག་དྲུག་འདོན་བཞིན་གདུང་ཤུགས་དྲག་པོས་གསོལ་འདེབས་བྱེད།།
བསྟན་སྲུང་རྣམས་ལ་མཐུ་རྩལ་ཡོད་ན་ད་ནི་འདོན་པའི་དུས་ཤིག་རེད།།
བདག་གི་སྤྲུན་ཟླ་ཡུལ་ཤུལ་སྐྱེ་བོ་གང་མྱུར་སྡུག་གི་གནས་ནས་སྐྱོབས།།

ཕྱོགས་ནས་ཕེབས་པའི་དགེ་འདུན་རྣམས་ཀྱི་ད་རབས་མྱུར་སྐྱོབ་མཛད་རྗེས་དེས།།
སངས་རྒྱས་བསྟན་པར་རྒྱལ་མཚན་བཙུགས་པས་ཁྱེད་ཚོར་དེ་རིང་བསྟོད་སྔགས་འབུལ།།
སྐྱེ་བོ་རྣམས་ནི་སྡུག་གིས་གདུང་དུས་སྐྱོ་བའི་གྲོགས་དེ་དགེ་འདུན་ཡིན།།
འདི་ནི་སྟོན་པ་ཤཀྱཱ་ཐུབ་པའི་སྔོན་གྱི་སྨོན་ལམ་མཐུ་སྟོབས་སྐད།།

ཐེངས་འདིར་འབྱུང་བའི་ས་འགུལ་ཁྲོད་ནས་མྱུར་སྐྱོབ་བྱས་པའི་སྤུན་གྲོགས་ཚོ།།
དཀོན་མཆོག་ལྷ་ལ་དད་པ་རྩེ་གཅིག་གསོལ་འདེབས་དྲག་པོས་སྨོན་ལམ་རྒྱོབས།།
ཚེ་འདས་རྣམས་ཀྱི་རེ་འདོད་དེ་ཡིན་གསོན་པོའི་སྡུག་ཀྱང་དེ་ཡིས་སེལ།།
དེའི་ཕྱིར་བོད་མི་གཞིས་བྱེས་གཉིས་ཀྱི་ལྷག་བསམ་གཙང་མས་ཆོས་ཞིག་བྱེད།།

སྐྱབས་མེད་མགོན་མེད་ནད་གྱིས་གདུང་བའི་དེང་གི་སྐྱེ་རྒུའི་སྐྱེ་བོ་ཚོ།།
མྱུར་དུ་ནད་ལས་སེལ་བར་མཛོད་དང་བོད་ཀྱི་སྲུང་མ་མཐུ་རྩལ་ཅན།།
དགོས་པའི་དུས་འདིར་རྟགས་ཙམ་མེད་པའི་ས་བདག་གཞི་བདག་གཟུགས་མེད་རྣམས།།
མ་གཡེལ་མ་གཡེལ་མྱུར་དུ་སོང་ལ་བོད་ཀྱི་སྐྱེ་རྒུའི་སྐྱེ་བོ་སྐྱོབས།།

ད་ནི་སངས་རྒྱས་བསྟན་པའི་བཀའ་ལུང་ཁྱེད་ཚོའི་མགོ་ལ་བབ་ནས་ཡོད།།
རང་རང་ནུས་དང་མཐུ་རྩལ་མངོན་ནས་སྐྱེ་བོ་རྣམས་ཀྱི་སྡོང་གྲོགས་མཛོད།།
སྟོང་བའི་དབྱིངས་ནས་གཡེལ་སྟེ་སྡོད་ན་ཁྱོད་ཚོས་སྔོན་གྱི་ཁས་བླངས་ལྟར།།
རང་རང་མཐུ་དང་ནུས་རྩལ་ཉམས་དགོས་འདི་ནི་ཁྱོད་ཚོའི་དམ་བཅར་སྐད།།

ལོ་ཟླ་ནག་པོ་མཇུག་བསྡུས་མེད་པར་དེ་རིང་འབྱུང་བའི་གོད་ཆག་བྱུང་།།
སྐྱེ་བོ་འདི་ཚོས་ལས་འབྲས་གཉིས་ལ་ཕོག་ཐུག་གང་ཞིག་བཏང་ནས་ཐལ།།
བལྟས་བལྟས་མིག་གི་ཡ་མཚན་འདི་དག་སེམས་ཀྱི་ངོས་ནས་འགྲེལ་བརྗོད་དཀའ།།
དེའི་ཕྱིར་དེ་རིང་བདག་གི་འདི་ནས་ལས་འབྲས་གཉིས་ལ་འཁང་ར་བྱེད།།

བྱིས་པ་དམར་རྗེན་གསོན་པོར་མི་འཇོག་ཁྱོད་འདི་ཇི་འདྲའི་གདུགས་རྩུབ་ཆེ།།
མ་ཎི་འཁོར་ལོ་ཤུལ་ནས་མི་ལྷག་ཁྱོད་འདི་ཇི་འདྲའི་འཇིགས་སྐྲག་ཆེ།།
ཁྱིམ་ཚང་ནང་མི་ཁ་འཐོར་གཏོང་བ་ཁྱོད་འདི་ཇི་འདྲའི་བསམ་ངན་ཞིག།
གདོང་དམར་བོད་པའི་རིག་རྒྱུད་གཅོད་པ་ཁྱོད་ཇི་འདྲའི་ལྟས་ངན་ཞིག།

བོད་ཀྱི་མི་རིགས་གྲངས་འབོར་ཉུང་མོད་ད་རུང་འབྱུང་བའི་གྱོང་གུད་འདི།།
ལས་དབང་གཉིས་ཀྱི་མིག་དེ་ཞར་ནས་བོད་ཀྱི་མགོ་ལ་བབ་ནས་ཐལ།།
མདོ་དོན་བོད་ཀྱི་སྐྱེ་བོ་རྣམས་ཀྱི་ཁྱེད་ལ་ཆད་པའི་ནག་ཉེས་དག།
བདག་ལ་ཐོངས་ཤིག་ང་ཡི་སྤུན་ཟླ་གསོན་པོར་ཞོག་ཅེས་ཁོ་བའི་སྒྲོགས།།

ཡུལ་ཤུལ་སྤུན་གྲོགས་རྣམས་ལ་མྱ་ངན་གྱི་ཚུལ་དུ་འོད་དཀར་ནས་བྲིས།

Thursday, April 22, 2010

སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།

གཡུ་ཞུན།

༤.༡༤་ཆེས་སྤྱིར་བཏང་གི་སྐྱེ་རྒུ་མདོའི་ཞོགས་པ་འདི།
སྐད་ཅིག་ལ་རང་བྱུང་གོད་ཆག་གི་དོང་ཞབས་སུ་ལྷུང་།
རྩྭ་ཆུ་ཉིས་འཛོམས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་རྒུ་མདོ།
ངའི་རྨི་ལམ་ན་དྭངས་གཙང་གིས་འཚོ་བའི་སྐྱེ་རྒུ་མདོ།
ས་ཆེན་གྱི་འགུལ་ཡོམ་གཅིག་གིས་ཐལ་བའི་རྡུལ་ལ་འཐིམ།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ

ངའི་ཁམས་པའི་གྲྭ་བཙུན་ཚོའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་སྐྱེ་རྒུ་མདོ།
ངའི་ཁམས་པའི་དཔའ་རྒོད་ཚོའི་རྟ་ཕོའི་བང་རྩལ་སྐྱེན་སའི་སྐྱེ་རྒུ་མདོ།
ངའི་ཁམས་པའི་སྨན་ཆུང་ཚོའི་དྲུག་འགྱུར་དབྱངས་ལ་འགུག་སའི་སྐྱེ་རྒུ་མདོ།
དེ་རིང་། རྒན་རྒོན་དང་དྭ་ཕྲུག་རེ་གཉིས་ཀྱི་འོ་དོད་བྱེད་ཡུལ་དུ་གྱུར།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ


ཞོགས་པ་དེར། ཚོགས་ན་ཞལ་འདོན་སྐྱོར་བའི་གྲྭ་བ་དེ་ཚོ།
ཞོགས་པ་དེར། སློབ་ཁང་དུ་ཀ་ཁ་གྱེར་བའི་སློབ་ཕྲུག་དེ་ཚོ།
ཞོགས་པ་དེར།
འདི་ལྟར་ས་ཆེན་འགུལ་བསྐྱོད་གཅིག་གིས་ཁྱུར་མིད་བྱས།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ

ད་ལྟ་སྐྱེ་རྒུ་མདོ། བེམ་པོ་སྟོང་ཕྲག་དུ་མ་སྦྱིན་བསྲེག་གཏོང་བའི་དུར་ཁྲོད་ཅིག
ད་ལྟ་སྐྱེ་རྒུ་མདོ། ཁང་ཆག་གྱང་རོའོ་གས་སྲུབས་ན་ལྷག་པའི་ན་ཟུག་ཅིག
ད་ལྟ་སྐྱེ་རྒུ་མདོ། དགེ་འདུན་པ་ཚོའི་ཕྱག་ཟུང་ན་སྔོག་པའི་རེ་བ་ཞིག
ད་ལྟ་སྐྱེ་རྒུ་མདོ། སྐབས་འཚོལ་བའི་པར་ཆས་ན་མཐོང་བའི་དྲིལ་བསྒྲགས་ཤིག
ད་ལྟ་སྐྱེ་རྒུ་མདོ། ཁམས་ནང་ཆེན་ཉེར་ལྔའི་ལོ་རྒྱུས་སུ་འཕོས་པའི་གོད་ཆག་ཅིག
ད་ལྟ་སྐྱེ་རྒུ་མདོ། བོད་མི་བྱིངས་ཀྱི་སེམས་ཁོངས་ན་མཆེད་པའི་སྡུག་བསྔལ་ཞིག
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ

སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༤པའི་ཚེས་༢༡ཉིན།

ཁམས་སྐྱེ་རྒུ་མདོར་ས་འགུལ་གོད་ཆག་བྱུང་ནས་བདུན་ཚིགས་གཅིག་ཕྱིན་པའི་དུས་དྲན་དུ།

སེམས་ལ་ཉན་པའི་བར་སྐབས།

༤༡༤ས་ཡོམ་ནང་གི་ཡུལ་ཤུལ་གྱི་བུ་མོ་དེའི་སེམས་ལ་ཉན་པ།
རྒོད་རྒྱལ་བློ་ཕུན།


མཚན་མོ་ཞིག་ལ་བུ་མོ་ཆུང་ཆུང་ཞིག་གིས
ཨ་མའི་མིང་ནས་ཡང་ཡང་འབོད་ཀིན་འབོད་ཀིན་

ཁང་པའི་ཐོག་ཁར་འཛེགས་འདོད་བྱེད
མཚམས་སྤྲིན་དང་ཟླ་འོད་རྒྱང་ལ་འཐེན་ཟིན་པའི་ཡུལ་ཤུལ་དུ
བུ་མོ་ཆུང་ཆུང་གི་འདོད་སྣང་མེར་གྱིས་ཞི ཧད་དེ་ལུས

ས་རྟིང་ལོག་པའི་གྱང་རོ་དང་ས་སྙིགས་ཀྱི་ཁོང་གསེང་ན
བུ་མོ་ཆུང་ཆུང་དེའི་ལྷམ་ཀོག་ཡ་གཅིག་བོར་སོང་ལ་ཚི་ལེན་སྟོད་གོས་རྒྱབ་རལ་དུ་སོང
སྟབས་བསྟུན་མིག་ཟུང་ཞིག་གིས་མཚམས་སྤྲིན་དང་ཟླ་འོད་ལ་རེ་ཞིང་སྒུག་ཡོད
དེ་ནི བུ་མོ་ཆུང་ཆུང་གི་མིག་ཟུང་རེད འོད་འཚེར་བའི་མིག་ཟུང་རེད
དེ་ནི ཡུལ་ཤུལ་གྱི་མུན་ཁེབས་འཇོམས་པའི་མཆོད་མེ་རེད
གཉོམ་དུང་གི་མཆོད་མེ་རེད མཚན་མོ་དེར་ཁུ་སིམ་མེར་འབར་བའི་མཆོད་མེ་རེད

ཨ་མ་འཚོལ་བའི་སེམས་ཀྱི་ལམ་སྐས་དེ་དགུང་ལ་བཙུགས་པའི་སྐས་ཐེམ་ཡིན་ན
ངོ་མཚར་གྱིས་སྟོབས་ལས་འཁྲུངས་ཤིང་ཡིད་སེམས་གཡོ་བར་ནུས་པའི་མཆི་མ་ནི
བུ་མོ་ཆུང་ཆུང་གི་ཚེ་སྲོག་གཏུབ་པའི་མཐའ་མཇུག་གི་དབུགས་རྒྱུ་ཡིན་འདུག

ཡུལ་ཤུལ་བུ་མོ་ཆུང་ཆུང་གི་མིག་ནང་ཟིལ་ཐིགས་དང་འདྲ་བའི་མཆི་མ་བསྐང་ཡོད
དེ་ནི བོར་དང་བོར་བཞིན་རེད ས་ལ་འཐིམ་དང་འཐིམ་བཞིན་རེད
དེ་ནི ཡུལ་ཤུལ་གྱི་མཁའ་རུ་འབར་བའི་མཆོད་མེ་རྐོང་ཅིག་རེད
ཟིམ་པ་མེད་པའི་མཆོད་མེ་རེད གཏན་དུ

༢ཧ༡༠ལོའི་ཟླ་༤ཚེས་༢༠ཉིན་ས་མཐའ་ནས་སེམས་པ་སྡུག་ཉིན་གང་གིས།


ཤོག་དང་། སྐྱེ་དགུ་མདོ།

འབྲོག་མི།

ས་ཆེན་ཁྲོས་པའི་བརྡབས་གསིག་ཐེངས་གཅིག་གིས།།
གཅེས་པའི་ཚེ་སྲོག་བར་དོའི་འཕྲང་དུ་བསྐྱལ།།
གློ་བུར་འཇིགས་པས་མནན་པའི་སྐྱེ་བོ་ཀུན།།
ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག།

རང་བྱུང་ཆག་སྒོར་སྙིང་རྗེ་མ་མཆིས་ཀྱང་།།
འགྲོ་བ་མི་ལ་བྱམས་དང་སྙིང་རྗེ་ལྡན།།
བརྩེ་བའི་མིག་དང་དུང་བའི་ཕྱག་འདི་ཡིས།།
ཁྱེད་ཀྱི་སྐྱོ་བའི་མཆི་མ་སྐེམ་པར་ཤོག།

མ་ངེས་སྐྱིད་སྡུག་གནམ་གྱི་འཁོར་ལོ་དེ།།
དེ་རིང་ཁྱེད་ཀྱི་ཐོག་ཏུ་གཡོ་མེད་བབས།།
བསགས་པའི་རྒྱུ་ནོམ་ཤོར་བ་མ་བཤད་དང་།།
ཚེ་སྲོག་རིན་ཆེན་དེ་ཡང་ཤོར་ནས་སོང་།།

མི་རྟག་ཚེ་ཡི་གནས་ལུགས་ཐེངས་གཅིག་རྙེད།།
མི་རྟག་རྒྱུ་ཡི་ངོ་བོ་ལན་གཅིག་མཐོང་།།
འོན་ཀྱང་ད་དུང་འཚོ་ཞིང་གནས་དགོས་པས།།
ཅིས་ཀྱང་སེམས་ཀྱི་རང་བཞིན་བརྟན་པར་བྱ།།

ཕ་མ་ཤོར་བའི་དྭ་ཕྲུག་སྙིང་རྗེ་བ།།
བུ་ཕྲུག་ཤོར་བའི་ཕ་མ་ཉམ་ང་བ།།
གཉེན་ཉེ་བོར་བའི་བཟའ་མི་ཐབས་ཆག་པ།།
ཀུན་ཀྱང་སྙིང་རྗེའི་ཐུགས་འདིས་སྐྱོང་བར་ཤོག།

ཆོས་ལྡན་བོད་ཀྱི་ཡུལ་ཞེས་ཡོངས་ལ་གྲག།
འཆི་ཚེ་ཆོས་ཀྱི་སེམས་གསོ་ངེས་པར་མཁོ།།
རྣམ་དག་བསྔོ་བ་སྨོན་ལམ་རྒྱ་ཆེན་འདིས།།
འདི་ཕྱི་གཉིས་ཀྱི་མི་ཀུན་ཚིམས་པར་ཤོག།

མ་བསྐུལ་བརྩེ་བའི་ཐུགས་ཀྱིས་ཡོངས་སུ་བཟུང་།།
མ་བོས་བྱམས་པའི་སེམས་ཀྱིས་ཉེ་བར་ཐོན།།
མ་མེད་དྭ་ཕྲུག་ལ་སོགས་སྐྱོབ་པ་ཡི།།
མ་ཡི་ཚབ་གྱུར་རླབས་ཆེན་མི་ཚོར་བསྔགས།།

རང་གཞན་སྐྱེ་བོ་ཀུན་གྱི་བརྩེ་བའི་སེམས།།
གཅིག་ཏུ་བསྡུས་པའི་རོགས་སྐྱོར་ཞལ་འདེབས་ཀུན།།
ཁྱེད་ཀྱི་སྐྱོ་སྡུག་སེལ་བའི་རྒྱུར་གྱུར་ནས།།
བཅོམ་ཆག་སྐྱ་ཉིལ་མལ་ནས་ལངས་བར་ཤོག།

སྡུག་འདི་ཁྱེད་དང་ངའི་མིན་ཀུན་གྱི་སྟེ།།
སྟོབས་ཤུགས་མཉམ་ཕུད་རྡོག་རྩ་གཅིག་ཏུ་བསྒྲིལ།།
རང་ནུས་ཅི་ལྕོགས་ཀུན་ཀྱང་སྲ་ཞིང་བརྟན།།
ས་མཐོའི་མི་ཡི་སྙིང་སྟོབས་སླར་ཡང་མངོན།།

སྐྱོ་སྐྱོ་མ་གནང་དགུང་སྔོན་གནམ་ཡང་སྐྱོ།།
སྡུག་སྡུག་མ་མཛད་རི་ཆུ་ལུང་གསུམ་སྡུག།
སྐྱིད་སྡུག་བསྣོལ་བའི་མི་ཡུལ་ཁམས་འདི་ནས།།
ང་ཚོ་ལག་རྡང་སྦྲེལ་ཏེ་བསྐྱོད་པར་བྱ།།

སེམས་ཀྱི་དྲོད་ཐིགས་མིག་གི་བརྩེ་མདངས་འདིས།།
འགྲོ་བའི་ཕྱག་ཟུང་སྟོང་ཕྲག་བསྣོལ་མ་འདིས།།
ཁྱེད་ལ་འཛིན་ཞིང་ཁྱེད་ཉིད་འཐེན་བྱེད་ན།།
ད་ནི་བཅོམ་ཆག་མལ་ནས་ལོངས་ཤོག་དང་།།

སྡུག་གི་ཁུར་བོ་སྡུག་པས་མི་ཐེག་ཅིང་།།
སྐྱོ་བའི་སེམས་པ་སྐྱོ་བས་མི་སངས་བས།།
བློ་ཁོག་ཡངས་ཤིང་བློ་ཁ་བརྟན་པ་ཡིས།།
ཤི་གསོན་གནས་ནས་ལོངས་དང་སྐྱེ་དགུ་མདོ།།

སྐྱེ་དགུ་ས་འགུལ་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུའོ།།

མཆོད་མེ་འབུམ་རྐོང་གི་ལམ་ཐིག

༤༡༤ཡུལ་ཤུལ་ས་འགུལ་ནང་གཤེགས་པའི་སྤུན་ཟླ་ཡོངས་ལ་མཐའ་མའི་སྐྱེལ་མ་བྱེད།
རྒོད་རྒྱལ།


ས་སྙིཊ་དང་གྱང་རོའི་ཁོང་གསེང་དུ་ཁྱེད་ཅག་གི་མིང་ནས་

ཡང་ནས་བསྐྱར་དུ་བོས་ནའང
ཟླ་འོད་མག་མོག་གི་མཚན་ཞག་རེ་ཕར་ལ་ཕུད་རྗེས ས་གཞི་མུན་ནག་གིས་གཏུམ
སྔ་ཞོགས་ཀྱི་སྐྱ་མདའ་འདི་ཚུར་ལ་འཁོར་དུས ཉི་མའི་ངོས་ནས་མིག་ཆུ་བྲུལ
ཟིལ་ཁྲུམ་འཁྱིལ་བའི་མིག་ཟུང་སྟོང་ཕྲག ཁྱེད་ཅག་གི་ཉམ་ང་བའི་མིག་ཟུང
བསོད་ནམས་ཀྱི་བསྐལ་བ་སྨིན་པའི་མི་ཡུལ་སྲིད་པའི་ཁམས་ལས་གཏན་དུ་གཟིམ་ཏེ
ཨ་ལན་ཡ་ལན་མེད་ཅིང་གོ་རྒྱུ་ཚོར་རྒྱུ་མེད་པའི་དག་ཞིང་ལ་ཐད་སོང

ཐབས་ཟད་འུ་ཐུག་གི་ང་རང གསོན་སྙིང་ལ་སླར་ཡང་ཚ་འདྲི་གཏོང་གིན
མཐའ་ཐུག་མེད་པའི་ལམ་བུ་དེའི་གཡས་གཡོན་གང་སར་མཆོད་མེ་སྤར་ཏེ
འཆི་བདག་གིས་བསླུས་པའི་ཁྱེད་ཅག་དང་མཉམ་དུ མིག་ཆུ་མིད་ཀིན
མགྲིན་པའི་མདའ་ཕུབ་དཀྲུཊ་ནས་སྐད་གསང་མཐོན་པོས་མགོ་བོ་དགྱེ་སྟེ
ང་ཚོ་འགྲོ སྤུན་ཟླ་ཚོ གནས་མལ་གསར་པ་ཞིག་ལ་འཕོ་བར་ཆས་འགྲོ

ཨ་མ་འབོད་མཁན་ཚོས་རྙེད་དུ་མེད་ལ སྤུན་ཉེ་མཆེད་གྲོཊ་འབོད་མཁན་ཚོས་ཀྱང
སྐྱེ་བ་འདིར་རྙེད་དུ་མེད་པའི་ས་ཐག་ཇེ་རྒྱང་གི་ཕྱོགས་ལ་མཉམ་དུ་འགྲོ
དེ་རུ མུན་ནག་མེད་ཅིང་འོད་སྣང་གི་གཞི་བདག་གནམ་ལྷ་འཁོར་གསུམ་ཡོད
དེ་རུ སྡུག་བསྔལ་གྱི་རྟིང་མཐའ་སེལ་བའི་སེམས་ཅན་ཀུན་གྱི་སྐྱབས་གནས་ཡོད
འོད་སྣང་དང་སྙིང་རྗེའི་གཟིལ་གྱིས་སྟེགས་པའི་མཆོད་མེ་འབུམ་ཕྲག་གི་སྣེ་མོར

དག་པའི་ཞིང་ཁམས་ཀྱི་ལམ་ཐིག་དཀར་དྭངས་ཅན་ཞིག་འཁྲུངས་ཡོད
དེ་ནི དེ་ནི ང་དང་ང་འདྲ་བའི་སེམས་པ་རྨས་ཤིང་ལུས་པོ་སྦྲིད་པའི
རིཊ་མཐུན་དག་གི་སེམས་པའི་གཏིང་རུམ་ནས་བཞེངས་པའི་ལམ་བརྒྱུད་ཡིན་ཨང
མཆོད་མེ་འབུམ་ཕྲག་གིས་འོད་སྣང་འཁྱིལ་བའི་དག་ཞིང་གི་ལམ་བུ་ཉག་ཅིག་ཡིན

ང་ཚོ་འགྲོ སྤུན་ཟླ་ཚོ ལག་རྡང་སྦྲེལ་ཏེ མགོ་བོ་དགྱེ་སྟེ
གནས་མལ་གསར་པ་ཞིག་ལ་འཕོ་བར་ཆས་འགྲོ
སྤུན་ཟླ་ཚོ གནས་དེ་རུ་འབྱོར་ཙ་ན
རང་རང་གི་ཨ་མས་བཏགས་པའི་མིང་དེ་བརྗེ་བར་འཚལ

༢༠༡༠ལོའི་ཟླ་༤ཚེས་༢༡ཉིན་དགོང་མོར་སེམས་སྡུག་གིས་བྲིས།


སྙིང་ཁ་གཤགས་སོང་།

__ཁམས་ཡུལ་ཤུལ་གྱི་ས་འགུལ་གནོད་ཐེབས་ལ་བྲིས་པ།
གཤིན་རྗེ།


བདག་ལ་ཞེ་སྡང་དབེན
བདག་ལ་ནམ་མཁའ་དང་ས་གཞི་མེད
འོན་ཀྱང་བདག་ནི་ཀུན་ལས་ཀྱང་ལས་ངན་ཞིག་སྟེ

མཆི་མ་དབེན སྙིང་ཁམས་སུ་སིལ་སིལ་གྱི་ཆོམ་སྒྲ་སྒྲོགས
ཀྱེ བདག་གིས་ས་ཆེན་པོར་ཅི་ཞིག་གིས་ཉེས་པ་བཟོས་སོང

ཏག་ཏག་དུས་ཚིགས་དེར
བདག་གི་མིག་ཟུང་དུ་ས་ཆེན་དང་རི་རབ་མག་མོག་ཏུ་གྱུར་སོང
བདག་གི་ངག་ནས་གསོལ་འདེབས་དང་སྨོན་འདུན་དབེན་སོང
བདག་གིས་ཅི་ཞིག་ཨང ཅི་ཞིག་བགྱི་དགོས

བདག་གིས་བདག་གི་སྙིང་བོ་དང་ཚེ་སྲོག་ལ་སྐྱེལ་མ་བགྱི་དགོས
བདག་གིས་བདག་གི་དགའ་བ་དང་སྡང་བ་ལ་སྐྱེལ་མ་བགྱི་དགོས
བདག་གིས་བདག་གི་ཁྲག་དམར་དང་ན་ཟུག་ལ་སྐྱེལ་མ་བགྱི་དགོས

བདག་གི་ལུས་པོ་ཙག་གིས་ཕྱིད་པའི་ལོ་ཟླ
བདག་གི་ལུས་པོ་རྨ་ཡིས་བཀང་བའི་ལོ་ཟླ
ལོ་ཟླ་འདི་དག་ནི་བདག་གི་སེམས་པར་གས་ཆག་གཏོང་བའི་ལོ་ཟླ་དག་རེད

བདག་གིས་བརྩེ་བ་འབོད་ཀྱིན་ཡོད
བདག་གིས་སྙིང་རྗེ་འབོད་ཀྱིན་ཡོད
བདག་གིས་བདག་འབོད་ཀྱིན་ཡོད


Wednesday, April 21, 2010

སྙིང་ནས་བརྟོལ་བའི་བསྔོ་སྨོན།

གངས་རིའི་གླིང་བུ།

བགྲང་མེད་ལོ་ཟླར་གོ་ལོའི་གཞི་ཁྱིམ་དུ་འཚོལ་ཞིང་།།
སེམས་དང་སེམས་པ་གོ་ལོའི་དྲོད་ཁོལ་ལ་བསྙེས་ཏེ།།
སྲིད་འདིར་འཁྲེང་བའི་ཉམ་ཐག་སྐྱེ་དགུ་ཡི་ཚོགས་ལ།།
རྩ་གསུམ་བླ་མའི་ཚོགས་ཀྱིས་ཐུགས་རྗེ་ཞིག་གཟིགས་རོགས།།

ལས་དབང་བཙན་པོའི་སྲོག་གི་སྙིང་རྩ་ནས་འཐམ་ཞིང་།།
སྐྱོ་གདུང་མཆི་མས་སྙིང་གི་ཞེ་རྩ་ནས་བརླན་ཏེ།།
མུན་ནག་གཤིན་རྗེའི་ཡུལ་དུ་ཁེར་རྐྱང་དུ་འགྲིམ་པའི།།
ཉམ་ཐག་སྐྱེ་དགུ་ཚོགས་ལ་ལམ་སྣ་ཞིག་འདྲེན་རོགས།།

ཕ་མ་ཉེ་རིང་རང་ཁྱིམ་དྲོད་མོ་དང་བྲལ་བས།།
དྲན་གདུང་སྡུག་གི་ན་ཟུག་རྦ་རླབས་ལྟར་འཕྱོ་ཞིང་།།
བློ་སྙིང་མཆིན་གསུམ་མཆི་མའི་འཁྱགས་རོམ་ལ་འབྱར་བའི།།
ཉམ་ཐག་སྐྱེ་དགུ་ཚོགས་ལ་དྲོད་ཁོལ་ཞིག་སྩོལ་རོགས།།

བྱམས་བརྩེའི་དྲོད་ཀྱིས་བསྐྱངས་བའི་མཛེས་སྡུག་གི་ལྡུམ་ར།།
སྐད་ཅིག་ཡུན་ལ་འབྱུང་འཇིགས་མེ་དཔུང་གིས་བསྲེགས་པས།།
མྱ་ངན་ཐང་ན་འགྲིན་པ་ངུ་འབོད་ཀྱིས་བཏགས་པའི།།
འགྲོ་ལ་རིང་མེད་དགའ་བདེའི་འོད་ཀོར་ཞིག་སྩོལ་རོགས།།

རིན་ཆེན་ཕུན་ཚོགས་དཔལ་ཡོན་དབྱུག་འཛིན་གྱི་སྲོག་ལ།།
མདའ་མདུང་མཚོན་ཆས་རྒོལ་བའི་ངན་ལས་ལ་ཞུགས་ཞིང་།།
ཡ་རབས་ལྷ་ཆོས་མི་ཆོས་རྡོག་རྫིས་སུ་བཏང་བས།།
འགྲོ་བ་འདི་དག་མུན་པའི་བཙོན་ཁང་འདིར་བཅུགས་སོང་།།

འདོད་རྔམ་སྲེད་པའི་ཆུ་བོ་ལྷོག་ལྷོག་ཏུ་འཕྱུར་ཞིང་།།
བྱམས་དང་བརྩེ་བའི་དྲོད་ཁོལ་རྒྱང་རིང་དུ་དབྱུགས་ཏེ།།
འབངས་མིའི་རྔུལ་ཁྲག་འབྱིན་པའི་ཀླ་ཀློ་ཡི་དཔུང་ལ།།
མཐུ་ལྡན་སྲུང་མས་ཁྲིམས་ཆད་ནན་མོ་ཞིག་གཅོད་རོགས།།

བདག་གཞན་དུས་གསུམ་བསགས་པའི་རྣམ་དཀར་གྱི་དགེ་རྩས།།
སྡིག་ལྟུང་ཉེས་བའི་དྲི་མ་བྱང་བྱང་དུ་དག་ཏེ།།
དཀའ་སྡུག་སྐྱོ་གདུང་དབེན་པའི་གོ་འཕང་དེ་བརྙེས་ནས།།
ཁམས་འདིར་འོད་སྣང་སྤྱིན་པའི་མི་བུ་ཞིག་གྱུར་ཅིག།།

ཀྱེ་མ་ཀྱེ་ཧུད་ཉམ་ཐག་ཁྱོད་ཚོ་ཡི་ཕྱོགས་སུ།།
ལྷ་དང་བླ་མའི་ཐུགས་རྗེའི་སྤྱན་ཟུང་གིས་གཟིགས་ཡོད།།
གྲོགས་དང་ཉེ་བའི་བསྔོ་སྨོན་སྙིང་ཁོང་ནས་བཏབས་ཡོད།།
མ་ཕམ་མཐུ་བྱིན་འོད་ཀྱི་ལམ་བཟང་ཞིག་ཡོད་ངེས།།

༢༠༡༠ ༤ ༢༡

མིག་ཆུས་ཁེངས་པའི་ཕ་ཡུལ་སྐྱེ་རྒུ །

བསྟན་འཇམ།

འབྱུང་བཞི་བྲང་གཞོང་ས་ལ་བརྡབས་ཐེངས་རེ །
ས་རྡུལ་རླུང་ནག་མཁའ་ནས་ཤུགས་ཀྱིས་འཕྱུ །
ཐན་བྱའི་ཨག་སྐད་སྐྱེ་རྒུའི་མདོ་ལ་དྲངས །
མིག་ཆུའི་གཏམ་རྒྱུད་ཅིག་གིས་མདུན་ནས་བསུས།

ཁ་བའི་ཨ་མའི་མིག་ཆུ་བྲང་ཁར་བཞུར །
གངས་རིའི་ཨ་ཕའི་ཞེ་སྡུག་གཏེང་ནས་ལངས།
གཉེན་ཉེ་སྡུག་གིས་གྱེས་གདུང་འདི་ནས་བཞག
སྐྱེ་རྒུའི་མིག་ཆུས་འོ་དོད་བོད་དུ་བསྐྱིལ །

ཆས་སོང་སྙིང་ཉེ་ཕུ་ནུ་མིང་སྲང་ཚོ །
ཤུལ་ལས་སྡུག་གིས་གཙེས་པའི་སྤུན་ཟླ་ཚོ
ལས་དབང་བཙན་པོས་བཀའ་ཡིག་སྒྲོག་ཐེངས་རེ།
གྱེས་བྲལ་མིག་ཆུས་སྐྱེལ་མ་ཡིད་རེ་སྐྱོ །

དུ་བ་དལ་གྱིས་འཕྱུར་མཁའ་དབྱིངས་ན །
རྣམ་ཤེས་སྟོང་ཚོ་མང་པོ་ཕྱིར་མིག་ཡོད །
ལུས་སེམས་ཁ་ཁར་ཕྱེ་བའི་ཞེན་ཆག་ཡོད །
ནམ་ཡང་འཇག་ཐབས་བྲལ་བའི་མིག་ཆུ་ཡོད །

༢༠༡༠ ༤ ༢༡

མཐོ་སྒང་གི་ཡུལ་ཤུལ་བ །

གངས་ཤར།

སྙིང་སྟོབས་ཀྱིས་དཔའ་སྤོབས་ལྡན་པའི་ཡུལ་ཤུལ་བ ། །
རེ་བཞག་གི་དྲན་ཚོར་ངོགས་ཀྱི་སྐྱེ་དགུ་བ། །
དུང་སེམས་ཀྱི་ངར་ཁའི་ཁྲོད་ཀྱི་གངས་ཅན་པ ། །
མཐོང་སྒང་གི་དར་ཆ་འཛིན་པའི་ཡུལ་ཤུལ་བ ། །

མ་ཕམ་ཁྱོད་མདུན་ལ་ཅུང་ཙམ་སྤོས། །
མ་སྐྲག་ཁྱོས་སེམས་ཤུགས་ད་དུང་བསྐྱེད། །
མ་སྡུག་ཁྱོད་ཁ་བའི་ནང་མི་ཡོད། །
མ་སྐྱོ་ལགས་ཚང་མའི་དཀའ་སྡུག་ཡིན། །

གློ་བུར་གྱི་ཆག་འཇིགས་རྒོད་པོའི་མཆེ་སྡེར་འོག །
རིགས་མཐུན་གྱི་ཚེ་སྲོག་དམར་པོ་གང་ལ་ནུབ། །
མཐོང་སྒང་གི་ཡུལ་ཤུལ་མཛེས་ལྗོངས་གང་ལ་བརྫངས། །
སྐྱོ་གདུང་གི་སྨྲེ་ངག་འདི་དག་སུ་ཡིས་བྱིན ། །

དྲན་པའི་འདས་པོ་ཚོ་མི་མཐོང་ཐག་རིང་རེད ། །
གསོན་པའི་གཉེན་ཉེ་ཚོ་ཤུལ་གྱི་བདག་པོ་རེད། །
གན་དང་འདི་འདྲ་ཞེས་གཏད་སོ་ཡོད་པར་མཛོད། །
མི་ཡི་ཡུལ་ལུང་འདིར་ང་ཚོ་མཉམ་དུ་མཆི། །

མགོ་བཅགས་ཀླད་རྡིབ།

4.14སྐྱེ་དགུའི་ས་ཡོམ་ཁྲོད་འདས་པའི་སྤུན་ཟླ་རྣམས་ལ་སེམས་ཁོང་ནས་མྱ་ངན་ཞུ།
མོག་ཆུང་བསོད་ཁོ།

སྤྱི་ཟླ་བཞི་བའི་ཚེས་པ་བཅུ་བཞི་སྟེ།།
ཉི་ཟླ་གཟའ་སྐར་ནག་པའི་ཞོགས་པ་དེ།།
སྲིད་པའི་འཁོར་ལོ་སྐལ་བརྒྱའི་མཐར་སླེབས་ཀྱང༌།།
ཕྱི་རབས་མི་ཡིས་ཅི་ལྟར་བརྗེད་པར་ངེས།།

དཀོན་མཆོག་གསུམ་གྱི་ཐུགས་ནས་ཀློད་འདྲ་བའི།།
མི་འདོད་དུས་མིན་འཆི་བའི་འཇིག་པ་ཞིག།
རྨི་ལམ་མ་ཡིན་ད་ནི་མངོན་སུམ་གྱིས།།
ཉམས་ཆུང་སྐྱེ་དགུ་བ་ཡི་སྟེང་ལ་བབས།།

ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང༌།།
ཚད་རིམ་བདུན་ཚེག་གཅིག་གི་ས་ཡོམ་དེས།།
ཚེ་སྲོག་མང་པོ་ཞགས་སྒྲོན་སྣུམ་ཚད་བཞིན།།
སྐད་ཅིག་ཉིད་ལ་སྣང་བའི་ཡུལ་ལས་སྟོངས།།

རྡོ་དང་ཨར་འདམ་ཉིལ་པའི་བར་གསེང་ན།།
མགོ་བཅགས་ཀླད་རྡིབ་ཅན་གྱི་བེམ་པོ་དང༌།།
བཟོད་མེད་ཟུག་གཟེར་ཅན་པའི་རྨས་མ་ཡི།།
སྲོག་སྐྱོབ་མིག་ཟུང་ཅེར་བའི་ཚུལ་འདི་སྡུག།

མ་ཤི་མངོན་སུམ་དམྱལ་བར་ཕྱིན་པ་སྟེ།།
མི་འདོད་རྐྱེན་ལས་ཐར་བའི་བྱིས་པ་འགའ།།
ཕ་མའི་བེམ་པོར་འཐམ་ཏེ་ངུ་ཞིང་འབོད།།
ད་དུང་གསོན་པར་རེ་བའི་ཚུལ་འདི་སྡུག།

བདག་གི་བུ་དང་བདག་གི་ཕ་མ་ཞེས།།
ངུ་སྔངས་དང་བཅས་ས་རྡོ་ཕར་སློག་ན།།
ཤ་རྡུང་རུས་ཆག་བྱས་པའི་བེམ་པོ་རེ།།
འདྲེན་བྱེད་ཡུལ་དུ་འགྱུར་བའི་ཚུལ་འདི་སྡུག།

མདང་ནུབ་ད་དུང་དགའ་དགའ་སྤྲོ་སྤྲོའི་ངང༌།།
གཞིས་ཁྱིམ་གཅིག་ལ་འཛོམས་པའི་མིང་སྲིང་དག།
སེ་གོལ་གཅིག་གི་ཡུན་ལ་འཆི་བདག་གིས།།
འདི་ཕྱི་གཉིས་སུ་དབྱེ་བའི་ཚུལ་འདི་སྡུག།

བུ་ཕྲུག་བོར་བའི་ཕ་མའི་ལག་བརྟེན་ཆག།
ཕ་མ་བསད་པའི་བུ་ཡི་མིག་ཆུ་སྐམ།།
ཁྱོ་ཀ་བསད་པའི་ཡུགས་སའི་མགྲིན་པ་བརྣངས།།
རང་བྱུང་གནོད་འཚེ་སུ་ཡིས་ལྡོག་པར་ནུས༌།།

མ་རུང་འཆི་བདག་གཞན་དུ་ཕྱིན་ཡང་རུང༌།།
བུ་ཕྲུག་བསད་པའི་ཕ་མར་སེམས་གསོ་དང༌།།
ཕ་མ་འདས་པའི་བུ་ལ་གཉོར་སྐྱོང་སོགས།།
དཀའ་བའི་ལས་དེ་ད་ནི་སུ་ཡིས་བྱེད།།

འཇིག་བརྟེན་འགྲོ་བ་མི་ཡི་ཚེ་སྲོག་དང༌།།
དངོས་སྣང་ཕུན་ཚོགས་རྒྱུ་ཡི་འབྱོར་བ་འདི།།
བྱིས་པ་བསམ་མེད་ཞིག་གི་རྩེད་རའམ།།
ལྟོག་བཏགས་ལྷ་སྒྲུང་ཞིག་དང་ཅིའི་མི་འདྲ།།

དེ་སྔའི་གླུ་དང་གར་གྱི་ཞིང་ཁམས་འདིར།།
ད་ནི་གཉེན་ཉེ་བོར་བའི་ངུ་སྐད་དང༌།།
ཀླད་ཆག་ལོང་རྡིབ་ཅན་གྱི་ཁང་རལ་ལས།།
སྐྱེ་དགུའི་མདོ་ན་ཡང་སྙིང་ཅི་ཞིག་ལྷག།

ཁྱིམ་ཚང་སྟོང་བའི་དབུལ་བོས་སྡུག་གླུ་གྱེར།།
སྤུན་ཟླ་བརླག་པའི་རོ་ཡིས་ས་གཞི་ཁེངས།།
སྲིད་པའི་ཁམས་འདིར་སྙིང་རྗེའི་བདག་པོ་ཞིག།
དོན་གྱིས་ཡོད་ན་ད་ནི་དུས་ལ་བབས།།

བཞི་གཅིག་བཞིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་ལ་ཕུལ་བ།

འཇམ་དཔལ་རྡོ་རྗེ།

ཉི་མ་ནག་པོ་ཞིག་ཚེས
དུས་མཚུངས་སུ་ཟླ་འོད་ཀྱང་བྱེ་ཐང་ཏུ་ཤར
ཚེ་སྲོག་ལ་གྱེར་བའི་གཞས་སྐད་དེས
སའི་གོ་ལའི་ཕྱེད་ཀ་འོད་སྣང་དང
ཕྱེད་ཀ་མུན་ནག་ཡིན་པ་མཚོན

ཤོག་བུའི་ངོས་སུ་བྲིས་པའི་རི་མོ་དག
སྐད་ཅིག་སྐད་ཅིག་ཏུ་འཇིག་པས
འཇིགས་སྐྲག་གིས་བསུས་པའི་མུན་པ་མཁྲེགས་པོའི་ངོས་སུ
མིག་ཆུ་ལྟ་བུའི་སྡུག་ཡུས
སྐར་ཚོགས་ལྟར་བཀྲམ་ཡོད

དེ་རིང ས་བདག་གི་སྙིང་ཁམས་ལ་རླུང་ལྡང་བྱུང
རླུང་འཚུབ་ཀྱིས ཉི་ཟླའི་ཁྱེའུ་དག་ཁྱུར་མུད་བཏང་རྗེས
གཞན་དག་གི་སེམས་པའི་མེ་ལོང་དུ
ངེས་པར་གད་སྙིགས་སུ་བསྲེ་དགོས་པའི་མཛའ་བརྩེ་སྤུངས

མིག་ཆུ་ནི་ཆུ་ཤེལ་ལས་དྭངས་ཤིང
མིག་མདུན་གྱི་རི་རབ་དང་གཙང་བོ་སྐྱ་ཤུར་ཤུར་དུ་མཐོང
རླུང་འཚུབ་དེའི་ངོས་སུ
ཡུལ་ལྗོངས་དང་མེ་ཏོག་གི་རྨི་ལམ་འཁྱག་བསིལ་བསིལ་ཏུ་ལྡང་ཞིང
གངས་རིའི་སྙིང་དང་ཆུ་ཀླུང་གི་ཁྲག་ལས་བྱོན་པའི་བྱམས་སྙིང་རྗེ་ཡོད་ཚད
མུན་པའི་ཁ་རླངས་ཀྱིས་སྒུལ་བའི་ནགས་ཀློང་ཕྱུག་མོ་ཇི་བཞིན་ཚང་ཚིང་གཡོ

མི་རྣམས་ཀྱིས སེམས་ཀྱི་རྨ་ཁར་བབས་པའི་གོར་མའི་ཟུར་ཁ
གདུང་སེམས་ཀྱི་ངར་ལྕགས་ལ་བརྡར་ཏེ
ཞོར་དུ ཚ་དམྱལ་དང་གྲང་དམྱལ་བགྲོད་བྱེད་ཀྱི
ཟུངས་ཡིག་གི་རྐང་འབོབ་ཏུ་བསྒྱུར་ངེས

དག་ཞིང་གི་འོད་ཟེར་ཁྱེར་ཡོང་ནས
ཁྱོད་ཚོའི་རྣམ་ཤེས་ལ་བྱབས་ཁྲུས་བྱེད་ངེས

༢༠༡༠ ༠༤ ༡༩ལན་གྲུ་ནས།

ཁྱེད་དང་མཉམ་དུ་མིག་ཆུ་བཞུར།

བོད་གཞུག་སྐྱིད།

སྐད་ངག་འདར་འདར་གྱིས་ངས་ཅི་ཞིག་བརྗོད་འང
ལག་པ་འདར་འདར་གྱིས་ངས་ཅི་ཞིག་འབྲི་འང་
བེམ་པོ་གཅིག་བརྩེགས་ཉིས་བརྩེགས
མིག་ཆུ་ཆར་བ་འབབ་འབབ།
ཚེ་སྲོག་གི་གཟུངས་ཐག་ཆད་པའི་ཁམས་སྐྱེ་རྒུ་མདོ
ངའི་ཕུ་ནུ་མིང་སྲིང་ཚོས་རྨིས་ཚར་མེད་པའི་སང་ཉིན་གྱི་རྨི་ལམ་ཡོད་ཚད
གྱང་ཆག་དང་རྨ་ཁས་ཟིན་པའི་སྐྱོ་གདུང་གིས་བསྣུབས་ཉིན་ནས
ངས་ད་དུང་ཅི་ཞིག་བརྗོད་ནུས
ང་ཁྱོད་ཀྱི་འཁྲིས་སུ་ལངས་ནས་དཔུང་རྡང་གཅིག་ཏུ་ཅི་འདྲའི་སྦྲེལ་བསམ་འང
ཁྱོད་ཀྱི་མིག་ཆུ་འོ་ཡིས་ཕྱིས་ནས་
ཁྱོད་ལ་ཁྲག་གིས་ལོངས་སྤྱོད་བྱིན་ནས
མ་བུ་ངོ་འཕྲོད་ཀྱི་དགའ་བ་དེ་ཁྱོད་ལ་ཇི་འདྲའི་སྟེར་འདོད་འང་
སེམས་པ་མནར་སྡུག་དང་ལྟོགས་སྐོམ་གྱི་འཚེ་བའི་ཁྱེད་ཚོ་བསམ་ཙ་ན
ཁ་ཟས་བྲོ་བ་དབེན་ལ་གཉིད་ཀྱང་བདེ་བ་ག་ལ་ཡོད།
སྐྲག་སྣང་མ་ཡལ་བའི་ཁྱེད་ཚོའི་ངོ་གདོང་རེ་རེ
ད་དུང་ཀ་བ་མེད་པའི་ཁང་བ་ཞིག་རོ་རེ་རེ་
སྨྱན་བྱེད་ཀྱི་སྐད་སྦུག་མདུན་ནས་ཁུ་སིམ་གྱི་སྣང་བརྙན་རེ་རེ
ཡོད་ཚད་བསམ་ཞིང་བསམ་ན
ང་ཡི་སྨྲ་སྒོ་འགག་འགྲོ་འང
ད་ནི་སྡུག་གི་མཆི་མ་ལྕགས་ཀྱི་གོང་བུར་བསྒྲིལ་ནས
ང་ཚོ་ཅིས་ཀྱང་ཡར་ལ་ལངས་དགོས་ཡ
འདས་པོར་ཚོར་མ་ནི་ཡིག་དྲུག་གི་སྐྱེལ་མ་མཛད་ནས
གསོན་པོ་ཚོར་ཅིས་ཀྱང་བརྟན་པོར་འཚོ་དགོས་པའི་སྙིང་ཕུར་བརྡབས་ཏེ
མཉམ་དུ་ལག་རྡང་སྦྲེལ་ནས་མིག་ཆུ་འབྱིད།
ང་ཡི་ཡུལ་ཤུལ་བ།
ང་ཚོའི་ལུས་ཀྱི་ཁ་ཐག་རིང་ཡང་
སེམས་ཀྱི་འཕར་སྒྲ་མཉམ་པས་ཡིད་མ་ཆད
སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མཁན
ད་དུང་ང་དང་ཕུ་ནུ་མིང་སྲིང་ཡོད།

༢༠༡༠ལོའི་༤པའི་༢༡ཉིན།


Tuesday, April 20, 2010

འབེལ་རྩོམ་མེ་ལྕེ་དགུ་མཆེད།

བོན་རྒྱ་བསྟན་འཛིན་རབ་རྒྱས།

གཡག་ལ་སེར་བོ་གོང་ཁ་བརྒལ་བ་ན། །
འབྲི་ཆུ་སྔོན་མོ་ཐད་ཀྱིས་བཅད་པ་ན། །
ས་ཆེན་གོང་བ་ཡིན་པའི་ཡུལ་ལྗོངས་སྟེ། །
དགའ་བ་སྐྱེ་རྒུའི་ཐུ་ལ་འབྱོར་ཚོད་ཡིན། །

འདི་ནས་ལོ་རྒན་བཅུ་ཡི་ཡར་སྔོན་དུ། །
རྒ་བ་སྐྱེ་རྒུར་ཐེངས་འགར་སོང་ན་ཡང་། །
ཁྲོ་ཐུང་སྒར་ས་ཡིན་པའི་གཏམ་རྒྱུད་ལས། །
སྤུན་ཟླའི་དུར་ས་ཡིན་པ་མ་ཤེས་ཐལ། །

ལྷུན་ཆགས་རི་དང་མཛེས་པའི་བྲག་རི་དང་། །
དྭངས་གཙང་ཆུ་མོ་ཀྱ་ཀྱུར་འབབ་པ་སོགས། །
ལྷ་ཡི་བརྩེ་བ་ཡིན་པའི་སྣང་བ་ལས། །
གཤིན་རྗེ་ལག་པ་ཡིན་པ་མ་ཚོར་རོ། །

བྱིས་པ་དབང་ལོག་མལ་ལས་མ་ལྡང་གོང་། །
ཉི་མའི་བརྩེ་བ་ས་ལ་མ་ཕོག་གོང་། །
བདུད་ཀྱི་ཉུལ་མ་ཡིན་པའི་སྲིན་པོ་ཁྱོད། །
ཁྲོ་གཉེར་འདི་ལྟར་བསྡུ་བ་ག་ལ་རྟོགས། །

ས་ཡོམ་ཟེར་བའི་སྲིན་པོ་ལག་རིང་ཁྱོད། །
གཙང་ཆེན་རབ་ཁ་ཐོལ་གྱིས་བརྡོལ་བ་བཞིན། །
ཁང་བརྩེེགས་རྟ་ཁྱུ་བཞིན་དུ་འདེད་དུས་སུ། །
མི་ཚོགས་ནས་སྔོན་བཞིན་དུ་བརྔོ་དུས་སུ། །

ཡུལ་ལྷ་གཞི་བདག་ཟེར་བའི་སྐྱག་གཟན་ཚོ། །
མེ་ལྷ་རླུང་ལྷ་ཟེར་བའི་འདྲེ་རྒན་ཚོ། །
རྒྱ་དམར་གུང་ཁྲན་ལའང་མ་འགྲན་ན། །
སྨན་པ་ཐེབས་ཆག་ཅིག་ལའང་མ་ཞོག་ག །

ལྡོག་མེད་ལས་ཀྱིས་ས་བ་འཛམ་བུ་གླིང་། །
ལས་ངན་འཕང་འབྲས་ཡིན་པའི་ཁ་བ་ཅན། །
ལས་ལན་ཅི་ཞིག་ཆད་སོང་སྐྱོ་བ་ལ། །
བསགས་པ་ཅི་ཞིག་སྡུག་སོང་ནོངས་བ་ལ། །

ཕ་མའི་པང་ནས་བུ་ཆུང་བཀོག་ནས་སོང་། །
བུ་ཆུང་ཁ་ནས་ནུ་མ་བཅད་ནས་སོང་། །
ས་ཡི་སྙིང་རྩིད་བསུག་འབལ་བྱས་ན་ཡང་། །
བདག་གི་སྙིང་ནད་ཇི་ལྟར་སངས་དགོས་སམ། །

མིག་ཁ་མཆི་མས་རབ་རིབ་བྱས་ན་ཡང་། །
སྙིང་ཁ་རླུང་གིས་གཡུག་གཡུག་བྱས་ན་ཡང་། །
འབྲོང་རྒོད་བདག་པོ་ཡིན་པའི་སྤུན་ཟླ་ཀྱེ། །
དམར་པོ་རྒྱ་ཡི་སྔུན་ནས་དཔའ་མ་ཞུམ། །

འདུ་འབྲལ་སྐྱེ་འཆི་འཁོར་བའི་རང་མདངས་དང་། །
དངོས་པོ་སོ་ན་མེད་པའི་གཏན་ཚིགས་སོགས། །
ཆོས་ཀྱི་བསླབ་བྱ་དག་ཀྱང་དྲན་མཛོད་དང་། །
རྐྱེན་ངན་ལམ་འཁྱེར་བྱེད་ལ་ཅུང་ཙམ་ཕན། །

ཉི་ཟླ་དཔང་དུ་འཇོག་ལ་མནའ་ཞིག་བསྐྱལ།
ལྷ་ཡི་གཅེས་ཕྲུག་ཡིན་པའི་སྤུན་ཟླ་ཚོ། །
དམ་པ་དཀོན་མཆོག་གིས་ཀྱང་མ་སྐྱབས་ཐལ། །
སྐྱབས་འགྲོ་གསོལ་འདེབས་ཀྱིས་ཀྱང་མ་ཕན་ཐལ། །

འུ་ཅག་དད་པ་ལོགས་པ་མ་རེད་དེ། །
དཀོན་མཆོག་ནུས་མཐུ་མེད་པ་མཐོང་སོང་ང་། །
ལས་འབྲས་དྲང་བོ་མིན་པ་རིག་སོང་ང། །
ད་ནི་དྲང་དོན་བཤད་ཀྱང་མ་ཕན་ན། །

རྩིབས་རུས་བྲང་ལ་སྦྱར་བ་རིག་སོང་ང་། །
གློ་སྙིང་ཕྱི་ལ་བཏོན་པ་མཐོང་སོང་ང། །
མགོ་ཁྲག་སྙིང་ཁྲག་མཉམ་དུ་གཏོར་སོང་ང་། །
མི་འདོད་གདུག་རྩུབ་ང་ཚོར་བཏང་སོང་ང། །

ནམ་མཁའ་རྡིབ་ཀྱང་ས་གཞི་འཐོར་དུས་ཀྱང་། །
ཆོས་སྐྱོང་ཞེས་པའི་འབོད་ས་མེད་སོང་ན། །
དཀོན་མཆོག་ཅེས་པའི་སྐྱོབས་མཁན་མེད་སོང་ན། །
བདག་ཉིད་བདག་གི་མགོན་པོ་ཡིན་སོང་ང་། །

ཁོག་གི་སྙིང་ཆུང་ཡིན་པའི་སྤུན་ཟླ་ཀྱེ། །
སྙིང་ལ་གས་ཁ་ཤོར་བའི་སྡུག་བསྔལ་འདིས། །
གློ་ལ་རྡེག་ཅིང་སྙིང་ལ་བསྣུན་ན་ཡང་། །
བཙན་པོའི་སྙིང་སྟོབས་མ་འདོར་ཨ་མའི་བུ། །

ཉེས་པ་ཆུང་ངུས་མིག་ཆུ་ཤུར་རུ་རུ། །
འཇིགས་པ་ཕྲ་མོས་སྙིང་ཆུང་འདར་ར་ར། །
རྒྱ་དང་སྡར་མའི་གཤིས་ཀ་མ་སྟོན་རོགས། །
གནད་ལ་ཐུག་དུས་བུ་རྟགས་སྟོབས་ཀྱིས་ཞོགས། །

ཁྱེད་ཅག་སྙིང་ལ་བུ་ག་ལོས་ཡོད་དེ། །
སྡར་མ་རྒྱ་ཡི་རིགས་དག་ཧང་སང་བ། །
ཕྱི་རབས་འཛམ་བུ་གླིང་ཡང་ངོ་མཚར་བ། །
བྱང་ཆུབ་སེམས་བསྐྱེད་བྱས་པའི་རྟགས་ཤིག་སྟོན། །

ས་མཐར་དྲོད་ཁོལ་མེད་པ་དེ་ཡི་སྟེང་། །
གསོན་པོར་ཁ་འཐོར་ཡོད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱེད་པའི་ངང་ཚུལ་འདིས། །
བདག་གི་བྲང་གཞོང་གདུང་བས་བསྲེག་དང་ཐལ། །

རང་ས་རང་ལ་མེད་པ་དེ་ཡི་སྟེང་། །
ཕ་མར་མཉམ་དུ་མེད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱས་པའི་གོད་ཆག་འདིས། །
བདག་གི་བྲང་གཞུང་བསྲེག་ཅིང་གཞོབ་ཐལ་ཡ། །

དམར་པོའི་གདུག་རྩུབ་ལྕི་བ་དེ་ཡི་སྟེང་། །
བླ་སློབ་ཁ་ཁར་ཕྲལ་བ་འདི་ཡི་སྟེང་། །
རང་ས་དགྲ་རུ་ལངས་པའི་ངང་ཚུལ་འདིར། །
བདག་སེམས་ཤིན་ཏུ་སྐྱོ་སོང་གནམ་རྒན་མ། །

གོད་ཆག་ཆུ་བོ་བཞིན་དུ་བྲུག་ཤོག་ཡ། །
ལན་ཆགས་འབྲས་སྐྲན་བཞིན་དུ་སྨིན་ཤོག་ཡ། །
ནམ་མཁའ་སྔོན་མོ་ད་ལྟ་རྡིབ་ཅིག་ཡ། །
ས་གཞི་ལེབ་མོ་ད་ལྟ་གས་ཤིག་ཡ། །

གཤིན་རྗེ་ཟེར་བའི་ཁྲེལ་མེད་གཏུམ་པོ་ཁྱོས། །
བསྟན་རབ་སྨྱོན་པ་ད་ལྟ་ཁྲིད་ཅིག་ཡ། །
གདོང་ལ་མཛུབ་མོ་ཚུགས་དང་བཤད་རྒྱུ་ཡོད། །
གནས་ལུགས་གྲངས་ཀ་དྲིས་དང་བརྩི་རྒྱུ་ཡོད། །

བོད་སྐྱེ་དགུ་མདོ་རུ་ས་ཡོམ་བྱུང་བའི་ཉིན་གཉིས་པ་སྟེ་སྤྱི་ལོ༢༠༡༠ཟླ༠༤ཚེས༡༦ཉིན་བརྙན་འཕྲིན་ནང་གི་གནས་ཚུལ་དག་ལ་བལྟས་ཀྱིན་བལྟས་ཀྱིན་སྙིང་ལ་ཟུག་གཟེར་ལངས་ཤིང་། ཅི་བྱ་བརྟོལ་བྲལ་གྱི་ཚོར་སྣང་ཤིག་གིས་ལུས་སེམས་ཡོངས་སུ་རྫོགས་པ་མེ་ནང་ན་ཡོད་པ་དང་། ཚེར་མའི་གདན་ན་ཡོད་པ་ལས་ཀྱང་མི་བདེ་བ་ཆེན་པོ་ཞིག་བྱུང་རྐྱེན་འཕྲལ་དུ་གློག་ཀླད་ནང་གཏགས་པའོ། །

མིག་ཆུའི་ནང་གི་ཡུལ་ཤུལ།

ཆོས་ཤུལ་གསང་བདག

ས་གཞིའི་འགུལ་འདར་ཐེངས་ཤིག་གིས
ཚེ་སྲོག་གྲངས་མེད་ལ་ཀུ་རེས་རྩེས་སོང་
ཀུ་རེས་རྩེད་པ་ག་ལ་ཡིན་སྲིད
ས་གཞི་ལགས འདོད་ཁམས་ལགས

མིག་ཆུའི་ནང་དུ་བཞུར་ཚེ་སྲོག
ཚེ་སྲོག་གི་རྒྱུ་བ རྣམ་ཤེས་སུ་འཁྱུད་པའི་དུས་སུ
སྐྱབས་འཇུག་གི་ཞུའམ འོ་དོད་འདོན
སྙིང་ཉེ་བའི་སྤུན་ཟླ་མིང་སྲིང་ཚོ

ས་གཡོམ་ཐེངས་ཤིག་གིས་བཞག་པའི་མྱ་ངན
མཆོད་མེ་རུ་སྦར་བའི་མྱ་ངན་ཞུ་ཚིག་དག
ཁྱེད་ཚོའི་མདུན་དུ་བཀྲམས་ཡོང
ཆེས་ཐག་རིང་གི་སྤུན་ཟླ་མིང་སྲིང་ཚོ

ང་ཡི་སྙིང་ཁར་འཐིམ་བཞིན་པའི་ཤ་ཉེ་སྤུན་མཆེད་ཚོ
ས་ཡི་གོ་ལའི་འཇིགས་ཟིལ་ཐེངས་ཤིག་གིས
འུ་ཚོར་མཆི་མ་འདོན་དུ་བཅུག་སོང
འུ་ཚོར་འོ་དོད་འཆོར་དུ་བཅུག་སོང

ཡོམ་ཡོམ་འགུལ་བའི་ས་གཞི
སྲོག་དབང་གི་བདག་པོ་ཡིན་ནམ
འདར་སིག་སིག་གཡོ་བའི་ས་ཡི་གོ་ལ
ཉེས་མེད་ཀྱི་ཚེ་སྲོག་གི་གཉེན་པོ་ལགས་སམ

བརྙན་འཕྲིན་མདུན་ནས་ཤོར་བའི་མིག་ཆུ
མིག་ཆུ་ལུང་བ་གང་བོ
ཁྱོད་ཚོ་དང་མཉམ་དུ་ཡོད་པར་སྨོན

གློག་ཀླད་སྔུན་དུ་བཞུར་བའི་མཆི་མ
མཆི་མ་ཕོར་བ་གང་བོ
ཡུལ་ཤུལ་དུ་བབས་པའི་ཁ་བ་དེ་ཡིན་སྲིད

ཡུལ་ཤུལ་གྱི་སྤུན་ཟླ་མིང་སྲིང་ཚོ
ང་རང་ཁྱེད་ཚོ་དང་མཉམ་དུ་ཡོད
དཀོན་མཆོག་ཁྱེད་ཚོ་དང་བཞུགས་སྲིད

ཡུལ་ཤུལ་གྱི་སྤུན་ཟླ་མིང་སྲིང་ཚོ
ང་ཡི་སྨོན་འདུན་ཁྱེད་ཅག་གི་ཡིན
ཁྱེད་ཚོའི་མིག་ཆུ་ང་ཡི་ཡིན་ཡང་སྲིད

༢༠༡༠ལོའི་ཟླ༤པའི་ཚེས༢༠ཉིན་ཡུལ་ཤུལ་ས་འགུལ་སྐོར་གྱི་བརྙན་འཕྲིན་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་སྡུག་སྟེ་མིག་ཆུ་དབང་མེད་དུ་ཤོར་བའི་རྗེས་ཀྱི་ཚོར་སྣང་ཐད་ཀར་སྦྱར་བ།

414 ལ་བླངས་པའི་མགུར།

གནམ་ལྕགས།


ས་དང་གནམ་གྱི་བར་ནས་དབྱིངས་དབུགས་འཐོར་ཏེ།།
རི་དང་ལུང་བ་འགུལ་ཙམ་འགུལ་ཙམ་བྱས་ནས།།
བདག་གི་སྤུན་ཟླ་མང་བོའི་ཚེ་སྲོག་ཤོར་བས།།
གདུང་བ་སྙིང་ལ་འཐབ་པའི་མགུར་འདི་བླངས་སོ།།

ཚེས་པ་བཅུ་བཞི་ཉིན་གྱི་ཞོགས་པ་སྔ་མོར།།
མལ་ལས་ལྡང་སྟེ་ལས་ཁུངས་ཕྱོགས་སུ་ཡོང་དུས།།
ལྟས་ངན་ཁ་པར་འདི་ཡི་སང་སྒྲ་གྲག་ནས།།
མི་སྙན་གཏམ་ངན་འདི་ཡི་གསར་འགྱུར་བཤད་སོང་།།

རྣ་ཅོག་འཇོར་བོ་རང་གི་འགུལ་ལ་ཐོགས་ཀྱང་།།
ཐོས་པའི་གཏམ་ངན་འདི་ལ་ཡིད་ཆེས་མ་བྱུང་།།
ད་དུང་བསྐྱར་དུ་ཐོས་པའི་ལས་ལ་འབད་ནས།།
ཁ་པར་ཨང་གྲངས་མང་བོ་གང་སར་མནན་ཏོ།།

མི་སྙན་གཏམ་ངན་ཐམས་ཅད་ཕལ་ཆེར་བདེན་ཏེ།།
ད་རེའི་ཡུལ་ཤུལ་གོད་ཆག་ཆེན་པོ་བདེན་འདུག།
དེ་ནས་བཟུང་སྟེ་སྐར་ཆ་རེ་རེའི་ནང་ལ།།
ཇེ་ངན་ཇེ་སྡུག་གཅིག་འཕྲོར་གཉིས་ཀྱིས་སླེབས་བྱུང་།།

ལས་དང་རྒྱུ་འབྲས་ཟེར་བའི་གཏམ་ཞིག་ཐོས་ཐལ།།
རྐྱེན་དང་བར་ཆད་ཟེར་བའི་སྐད་ཅིག་གོ་ཐལ།།
ཡུལ་ཤུལ་མི་མང་ཤི་བའི་རོ་ཚོགས་མཐོང་དུས།།
ལས་དང་རྒྱུ་འབྲས་འཁོར་ས་ནོར་རམ་སྙམ་མོ།།

གོད་ཆག་གོད་ཆག་ཟེར་བ་འདི་འདྲ་ལོས་ཡིན།།
ད་རེའི་གོད་ཆག་འདི་འདྲ་ཡོང་རྒྱུ་ཆེ་ཡོད།།
སྤུན་ཟླ་གྲངས་མེད་འདས་པའི་གསར་འགྱུར་མཐོང་དུས།།
སྙིང་ལ་འཐབ་པའི་མཆི་མ་མིག་ནས་འཐོར་འགྲོ།

ཕ་དང་མ་ཡི་བྱམས་བརྩེའི་དྲོད་འཁོལ་བོར་ཐལ།།
བུ་དང་བུ་མོ་འཕེལ་བའི་སྤྲོ་སྐྱིད་བརླག་ཐལ།།
བཟའ་ཚང་མགོ་ལུས་འཛོམས་པའི་ཁྱིམ་ཚང་དེ་ཉིད།།
སྒྱུ་མའི་ཨར་འདམ་འཐོར་བའི་ཕུང་བོར་གྱུར་ཐལ།།

འབད་འབད་རྩོལ་བས་བསགས་པའི་རྒྱུ་ནོར་དེ་ཡང་།།
ད་ནི་རྡུལ་ཙམ་འཁྱེར་དབང་མེད་པར་གྱུར་ཐལ།།
བྱམས་བརྩེའི་དྲོད་ཀྱིས་བསྐྱངས་པའི་བུ་ཕྲུག་དེ་ཡང་།།
འགྲོ་ཁར་བདེ་མོ་ཙམ་ཡང་འཇོག་ཁོམ་མེད་སོང་།།

ད་ནི་མགོ་ནག་བོད་ཀྱི་ཐོག་ལ་བབ་པའི།།
སྡུག་བསྔལ་འདི་ལ་སངས་པའི་དུས་ཤིག་ཡོད་དམ།།
ན་ནིང་མེ་འདས་བསད་པའི་སྡུག་གི་སྟེང་ལ།།
ད་ལོར་འབྱུང་བས་གསོད་འདི་བཟོད་ཐབས་མི་འདུག།

སྐྱིད་སྡུག་གནམ་གྱི་ལག་ཅེས་ཕར་ལ་བསྟུན་ན།།
གནམ་རྒན་མས་ཀྱང་ཚུར་ལ་སྡུག་པོ་གཏོང་གི།
གནམ་སའི་བར་ལ་འཚང་བའི་འགྲོ་བ་རིགས་དྲུག།
ད་ནི་གདུང་སེམས་མཉམ་སྐྱེད་བྱེད་ལ་ཐུག་ཡོད།།

རི་དང་ལུང་བ་འགུལ་བའི་ལྟས་ངན་བྱུང་ཐལ།།
ས་རྡོ་རྦབ་དུ་སྙིལ་བའི་གོད་ཆག་བྱུང་ཐལ།།
བྲོས་ན་ཐར་བ་མེད་པའི་འཇིག་རྟེན་འདི་ན།།
སྐྱོབས་པའི་ལྷ་ཞིག་ཡོད་ཚེ་དེ་རིང་དགོས་འདུག།

མ་ཎིའི་དབྱངས་ཀྱིས་བོད་ཁམས་ཧྲིལ་བོ་གཡོགས་ཐལ།།
འོ་དོད་སྐད་ཀྱིས་ས་ཡི་གོ་ལ་ཁྱབ་སོང་།།
དུས་ངན་འདི་འདྲ་བོད་ལ་བྱུང་རྒྱུ་ཡོད་ན།།
བདེ་སྐྱིད་ཅིག་ཀྱང་བོད་ལ་ཡོང་རྒྱུ་ལོས་ཡོད།།

རོ་ཡི་ཕུང་བོའི་སྟེང་ལ་སྣུམ་ཞག་བླུག་ནས།།
མེ་ལ་སྒྲོན་པའི་དུར་འཇུག་མིག་གིས་མཐོང་ན།།
འདི་ནི་རྨི་ལམ་ཡིན་ནམ་མངོན་གསུམ་ཡིན་ཞེས།།
རང་གིས་རང་ལ་དྲི་བའི་ཐོས་ཚོམ་ཆེའོ།།

ནད་དང་མུ་གེ་འབྱུང་བ་འཁྲུག་པ་འདི་འདྲ།།
ཡོང་རྒྱུ་ཡོད་པ་སྔར་ནས་ཤེས་པ་ལགས་ཀྱང་།།
འདི་ལྟར་མངོན་གསུམ་བབ་པ་མཐོང་བར་གྱུར་ཚེ།།
གློ་དང་མཆིན་པའི་སྟེང་འོག་ཡང་ཡང་བརྗེ་བྱུང་།།

རྐྱེན་ངན་བར་ཆད་འདི་ཡི་སྡུག་བསྔལ་བསམ་ནས།།
ལུས་དང་སེམས་ཀྱི་འབྲེལ་ཐོགས་སེམས་ཅན་སུ་ཡིན།།
བསྔགས་པར་འོས་པའི་མཆིད་པོ་གནམ་ལྕགས་གཞོན་ནུས།།
གནས་མཆོག་དམ་པ་རྡ་རམ་ས་ནས་བླངས་སོ།།

མགུར་འདི་སྐད་ཅེས་བླངས་ནས་རང་གི་སེམས་ཀྱི་སྡུག་བསྔལ་སངས་པའི་གྲོགས་སུ་རེ་བའི་དུས་ནི་ཡུལ་ཤུལ་ས་ཆར་རང་བྱུང་གི་གོད་ཆག་ཐེབས་ནས་ཉིན་དྲུག་འདས་པའི་དུས་སུ་ཤི་གསོན་ཐམས་ཅད་ལ་སེམས་གསོ་ཞིག་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུའོ།།
༢༠༡༠ ༤ ༢༠

སྐྱོ་གདུང་གི་ཁྲོད་ཀྱི་ངར་ཤུགས།

དགེ་བཤེས་བསྟན་པ་བཀྲ་ཤིས།

ཀྱེ་མ།
གོད་ཆག་གི་ཉིན་མོ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
སྐྱོ་སྣང་གི་མིག་ཆུ་རེ་རེ་འཐོར་མྱོང།།
གོད་ཆག་གི་ས་ཁུལ་རེ་རེའི་ནང་གི།།
བསད་རྨོས་ཀྱི་འདྲ་གཟུགས་རེ་རེས།།
སྐྱོ་གདུང་གི་ན་ཟིག་རེ་རེ་སྦྱིན་སོང་།།
ཀྱེ་མ། འདི་ནི་རང་བྱུང་གི་གནོད་འཚེ་རེད།
འདི་ནི་ལྡོག་ཐུབ་མེད་པའི་རང་བྱུང་གི་གོད་ཆག་རེད། འདི་ནི་ཚེ་སྔོན་དུ་བསགས་པའི་ལས་དབང་རེད།
ཨེ་མ།
གོད་ཆག་གི་ཉི་མ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
ལྷག་བསམ་གྱི་བགྱིད་སྒོ་རེ་རེ་མཐོང་སོང་།།
བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་བའི།།
བོད་རིགས་ཀྱི་བཅོས་མིན་ལ་རྒྱ་རེ་རེས།།
གསོན་ཤུགས་ཀྱི་ངར་ཆུ་རེ་རེ་སྦྱིན་སོང་།།
ཨེ་མ། འདི་ནི་མི་རིགས་ཀྱི་སྤྱོད་བཟང་རེད།།
འདི་ནི་འགོག་ཐུབ་མེད་པའི་མི་བོད་རིགས་ཀྱི་སྤྱོད་བཟང་རེད།
ཨེ་མ། འདི་ནི་བྱམས་དང་སྙིང་རྗེའི་རིན་ཐང་རེད།

བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་།

རང་བྱུང་གི་གོད་ཆག་འོག་ནས།།
ཚེ་སྲོག་གི་རྒྱུན་ཐག་ཆད་དེ།།
ཕྱི་མ་ཡི་ལམ་ལ་ཞུགས་མཁན།།
འཁྲུལ་སྣང་གི་འཇིགས་སྐྲགས་མ་བྱེད།།

རིས་མེད་ཀྱི་སྐྱེས་ཆེན་དུ་མའི།།
དམིགས་མེད་ཀྱི་བརྩེ་བའི་དབྱིངས་ནས།།
དྲི་མེད་ཀྱི་བསྔོ་སྨོན་བཟང་པོ།།
ཁྱེད་ཅག་གི་ཆེད་དུ་བསྔོས་ཡོད།།

ཆོས་ལྡན་གྱི་སྐྱེ་བོ་རྣམས་ཀྱི།།
ཡིག་དྲུག་གི་དབྱངས་རྟ་སྙན་མོ།།
སྣང་གསལ་གྱི་མར་མེ་ལྷན་དུ།།
ཁྱེད་ཅག་གི་རྫོང་བར་ཕུལ་ཡོད།།

རང་བྱུང་གི་གོད་ཆག་འོག་ནས།།
ལུས་སེམས་ཀྱི་རྨ་ཁ་ཆེ་བའི།།
ཡུལ་ཤུལ་གྱི་ཤུལ་ལུས་མི་མང།།
དཔའ་ཞུམ་གྱི་མྱ་ངན་མ་བྱེད།།

རྒྱལ་ཁབ་ཀྱི་བཀོད་འདོམས་འོག་གི།།
ལྷག་བསམ་གྱིས་དང་དུ་བླངས་པའི།།
མྱུར་སྐྱོབས་ཀྱི་རུ་ཁག་མང་པོས།།
ངལ་མེད་ཀྱི་ལས་དོན་སྒྲུབ་བཞིན།།
ཁྱེད་ཅག་གི་གནས་དེར་བསྡད་ཡོད།།

ཕྱི་ནང་གི་བོད་རིགས་ཡོངས་ཀྱིས།།
སྙིང་རྗེ་ཡི་ཕྱག་ཟུང་སྐྱོངས་བཞིན།།
བརྩེ་སེམས་ཀྱི་ཐུགས་ཁུར་ཆེན་པོ།།
ཁྱེད་ཅག་གི་ཕྱོགས་ལ་བཅངས་ཡོད།།

༢༠༡༠ ༤ ༢༠

ས་ཡོམ་ཁྲོད་ཀྱི་བོད།

འཆམ་ར་དྲི་མེད་རྒྱལ་མཚན།

ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
སེམས་ཁོང་གི་ན་ཟུག་ལྷ་ཡིས་གཟིགས་དང་།།
མི་གསོན་པོ་ས་རྡོའི་འོག་ལ་མནན་སོང་།།
ཁྲག་གིས་ས་གཞི་ཚོས་བྱུང་། མི་རོས་ལུང་བ་གང་བྱུང་།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྐྱབ་ཏུ་གསོལ། སྐྱབ་ཏུ་གསོལ
ས་ནག་པོ་ལ་སྙིང་རྗེ་མི་འདུག མི་གཉོབ་ཆུང་ལ་མགོན་སྐྱབས་མི་འདུག
སྙིང་དམར་པོ་རྡོ་ལུས་རྡུང་བྱུང་།།
རྣམ་ཤེས་གངས་ལ་འཁོར་སོང་།།
གངས་རི་མིག་ཆུ་ཤོར་བྱུང་།།
བོད་མགོ་ནག་མི་ཡི་ཟུངས་ཁྲག་རྒྱ་མཚོའི་གཏིང་ལ་བསྐྱིལ་སོང་།།

ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
མི་ཡུལ་གྱི་སྡུག་བསྔལ་ལྷ་ཡིས་གཟིགས་དང་།
བོད་མི་རིགས་སྒལ་ཚིགས་ས་དགྲས་བཅག་བྱུང་།
གངས་དཀར་རྩེ་ནས་ཉིལ་བྱུང་།
རུས་པའི་རི་བོ་ཆགས་བྱུང་།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྐྱབ་ཏུ་གསོལ། སྐྱབ་ཏུ་གསོལ།
ས་ནག་པོ་ལ་ངོ་ཚ་མི་འདུག མི་གཉོབ་ཆུང་ལ་རང་དབང་མི་འདུག
སྙིང་དམར་པོ་རྡོ་ལུས་རྡུང་བྱུང་།།
རྣམ་ཤེས་གངས་ལ་འཁོར་སོང་།།
གངས་རི་མིག་ཆུ་ཤོར་བྱུང་།།
བོད་མགོ་ནག་མི་ཡི་ཤ་རུས་ས་གཞིའི་གཏིང་ལ་སྦས་སོང་།།

༢༠༡༠ ༤ ༡༩

Monday, April 19, 2010

ཨ་མའི་རྨི་ལམ

ཡུལ་ཤུལ་ས་འགུལ་ཁྲོད་དུ་ཕ་མ་གཉིས་འདས་པའི་བུ་མོ་ཞིག་ལ་བྲིས་པ།
གཅན་མེ་སྟག

ནམ་རྒྱུན ང་རང་ཨ་མའི་རུམ་དུ་ཉལ་གོམས་པས
ནམ་ཡང་བདེ་ལྷོད་ལྷོད་ཀྱིས་གཉིད་དུ་ཡུར་བཞིན་ཡོད
ང་ནི་ཨ་མའི་སྙིང་གི་ཕྱེད་ཀ་ཡིན

ཞོགས་པ་འདིར ང་རང་གློ་བུར་དུ་སད་དུས
ངས་ཨ་མའི་ཞི་འཇགས་ཀྱི་རྔུར་སྒྲ་ཐོས་མ་བྱུང་ལ
ཨ་མའི་ཤ་དྲོད་ལས་མཆེད་པའི་བདེ་ལྷོད་ཀྱི་སྐྱིད་སྣང་ཀྱང་ཚོར་མ་བྱུང་སྟེ
སྐད་ཅིག་མའི་དྲན་ཚུལ་ཞིག་ལ
ཨ་མའི་རྨི་ལམ་ནི ཐག་རིང་ཐག་རིང་ཞིག་ལ་ཕྱིན་སྣང་སྐྱེས

གཉིད་ཐུན་གཅིག་གིས
ངས་རང་ཉིད་ཀྱི་ཨ་མ་བོར་ཞིང ཨ་མའི་རྨི་ལམ་བོར་ལ
ཞོགས་པ་རེ་རེར་ངའི་གཅེས་མིང་ནས་འབོད་པའི
ངག་འཇམ་འཇམ་གྱི་སྐད་སྒྲ་དེའང་བོར་སོང
སྐད་ཅིག་གི་དྲན་ཚུལ་ཁྲོད
ངས་ང་རང་ཡང ཐག་རིང་ཐག་རིང་ཞིག་ལ་བོར་སྣང་སྐྱེས

ལས་འབྲས་ཞེས་པ་ལ་ང་གཏན་ནས་ཡིད་མི་ཆེས་ཏེ
ངས་ད་དུང་འཇིག་རྟེན་གྱི་བདེ་སྡུག་འགྲིམས་མ་མྱོང་ཞིང
ངས་ད་དུང་འཁོར་བའི་མཐའ་མཇུག་གི་བདེན་པ་རྙེད་མ་བྱུང་བས
རྒྱུ་མེད་ཀྱི་ལས་དབང་འདིས
ངའི་ཨ་མའི་རྨི་ལམ་གྱི་མཛེས་སྣང་གང་དུ་ཁྱེར

དེ་རིང
ངས་ཨ་མའི་རུམ་ཁ་ན་ལྷག་པའི་དུངས་བརྩེ་དེ་འཚོལ་ཕྱིར
ངས་ཨ་མའི་འཁུར་ཚོས་ན་འཛུམ་པའི་སྐྱིད་ཀོང་དེ་མཐོང་ཕྱིར
ངས་ནུས་ཤུགས་སྒོང་ནས་ཨ་མ་འབོད་བཞིན་ཡོད

གནམ་རྒན་མ་ཡ ཐལ་རྡུལ་དང་སྨུག་པ་འདི་ཡིས
ངའི་མིག་ལམ་གྱི་འཇིག་རྟེན་མ་གཡོགས་དང
ངས་རང་གི་སེམས་གཏིང་གི་ཨ་མ་དང
ཨ་མའི་ཞི་འཇམ་གྱི་རྨི་ལམ་ཅིས་ཀྱང་འཚོལ་དགོས་ཡ

༢༠༡༠ལོའི་ཟླ༤་པའི་ཚེས་༡༦ཉིན།

ངའི་མྱ་ངན་ཞུ་ཚིག

སྐྱེ་རྒུའི་ས་ཡོམ་གྱི་ཁྲོད་དུ་གོད་ཆག་ཕོག་པའི་མི་མང་ལ་ཕུལ་བ།
ཀླུ་སྨྱོན།

འགྲོ་བ་སེམས་ཅན་གཉིད་ལས་སད་མ་སད་ཀྱི་དུས་ཚོད་ཅིག་ལ།
སྙིང་ལ་ཟུག་པའི་འུར་སྒྲ་ཞིག་གི་རྗེས་སུ།
ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་།
རིམ་པ་དྲུག་དང་གྲངས་ཆུང་དགུ་རུ་གཡོས་སོང་།
འུར་སྒྲ་དང་ཆོམ་སྒྲའི་ཀློང་ནས།
སྡོད་ཁང་བརྡིབས་སོང་ལ་ལྷ་ཁང་ཡང་འཇིག་སོང་།
ས་རྡུལ་དང་ངུ་འབོད་ཀློང་ནས།
མཆོད་རྟེན་ཉིལ་སོང་ལ་མགྲོན་ཁང་ཡང་ཞིག་སོང་།
ཕོ་མོ་དང་རྒན་གཞོན་མེད་པར།
བོད་མགོ་ནག་ཚོ་ས་གཅུར་རྡོ་གཅུར་བྱས་སོང་ལ།
ཆོལ་ཁ་དང་ཆོས་ལུགས་མེད་པར།
བོད་རྩམ་ཟན་ཚོ་དམར་པོ་ཁྲག་ལ་བསྒྲེས་སོང་།
ས་ཆེན་པོ་འདིར་སྙིང་རྗེ་ཅི་ཡང་མེད་པར།
དགོན་པའི་རྗེས་སུ་དགོན་པ་འཇིག་སོང་ལ།
གནམ་སྔོན་པོ་འདིར་མིག་ཟུང་ཅི་ཡང་མེད་པར།
གྲོང་བའི་རྗེས་སུ་གྲོང་པ་བསྣུབས་སོང་།
ཉལ་སའི་ནང་གི་རྒན་རྒོན་ཚོ་བསད་སོང་ལ།
ཉིན་ལས་ཅན་གྱི་ན་གཞོན་ཚོ་བསད་སོང་།
སློབ་གྲྭའི་ནང་གི་བྱིས་པ་ཚོ་བསད་སོང་ལ།
དགོན་པའི་ནང་གི་བན་ཆུང་ཚོ་ཡང་བསད་སོང་།
སྐད་ཅིག་དེ་ཉིད་ལ།
མཛེས་སྡུག་གི་གྲོང་ཁྱེར་ཞིག་དམྱལ་ཁམས་བཅོ་བརྒྱད་དུ་བསྒྱུར་སོང་།
བལྟས་བལྟས་རིག་རིག་ལ།
ཞི་འཇགས་ཀྱི་གྲོང་བརྡལ་ཞིག་ངུ་འབོད་ཀྱི་འཇིག་རྟེན་དུ་གྱུར་སོང་།
ཡ་ང་བའི་སྲང་མདོ་རེ་རེ་ནས།
ཕ་མ་མེད་པའི་དྭ་ཕྲུག་གི་མིག་ནས་ཕ་མ་འབོད་པའི་མིག་ཆུ་ཁྲག་ཏུ་འབབ་ཅིང་།
ཡི་མུག་པའི་སྲང་བར་རེ་རེ་ནས།
བུ་ཕྲུག་ཤི་བའི་ཕ་མའི་ངག་ནས་བུ་ཕྲུག་འབོད་པའི་ངུ་ངག་སྙིང་ལ་མཛེར་ཡོང་།
བཀྲ་ཤིས་ཀྱི་གཅེས་པའི་ཚེ་སྲོག་བརླགས་སོང་།
དོན་གྲུབ་ཀྱི་གཅེས་པའི་ལུས་པོ་བརླགས་སོང་།
ཚེ་རིང་གི་གཅེས་པའི་ཕ་མ་བརླགས་སོང་།
ཟླ་བ་ཡི་གཅེས་པའི་བུ་ཕྲུག་བརླགས་སོང་།
མདོར་ན།
བརྩེ་དུང་མཚོ་ལས་ཟབ་པ་ཐམས་ཅད་ས་འོག་ཏུ་ཚུད་སོང་།
ཞེན་ཆགས་རི་ལས་ལྕི་བ་ཡོད་ཚད་ས་འགུལ་གྱིས་ཁྱེར་སོང་།
ཤུལ་དུ་ཅི་ཡང་མ་ལྷག་པར་ས་འོག་ཏུ་ཐིམ་སོང་།
དཀོན་མཆོག་གསུམ་པོའི་སྤྱན་གྱིས་གཟིགས་ས་ནས།
སྐྱེ་རྒུའི་མི་མང་ས་འོག་ཏུ་ཚུད་སོང་།
ཆོས་སྐྱོང་སྲུང་མའི་རྣ་བའི་གོ་ས་ནས།
སྐྱེ་རྒུའི་མི་མང་ས་འགུལ་གྱིས་མནན་སོང་།
དེ་རིང་།
གྲོང་ཁྱེར་ནི་གྲོང་ཁྱེར་དང་མི་འདྲ་བར་དུར་ཁྲོད་དང་འདྲ་ལ།
དེ་རིང་།
དགོན་པ་ཡང་དགོན་པ་དང་མི་འདྲ་བར་གཡུལ་ས་དང་འདྲ།
ཨུ་ཧུ་དཀོན་མཆོག་གསུམ།
དེི་རིང་མ་སེམས་ཅན་སྡུག་བསྔལ་གྱི་དོང་ཞབས་སུ་ལྷུང་སོང་ལ།
ཨུ་ཧུ་སྤྱན་རས་གཟིགས།
དེ་རིང་འབངས་མགོན་མེད་སྐྱོ་གདུང་གི་དྲ་བ་རུ་ཚུད་སོང་།
དེ་རིང་གཅེས་པའི་ཚེ་སྲོག་ཤོར་སོང་ལ།
དེ་རིང་བསགས་པའི་རྒྱུ་ནོར་བརླགས་སོང་།
དེ་རིང་མཛའ་བའི་གཉེན་བཤེས་གྲོངས་སོང་ལ།
དེ་རིང་མིག་གི་མཆི་མ་ཡང་བསྐམས་སོང་།
ད་ནི་ཕ་མ་མེད་པའི་དྭ་ཕྲུག་དེ་ཚོར་སུས་བདག་པོ་རྒྱག་གི་རེད།
ད་ནི་བུ་ཕྲུག་མེད་པའི་རྒན་རྒོན་དེ་ཚོར་སུས་གཉོར་སྐྱོང་བྱེད་ཀི་རེད།
ད་ནི་ལས་ལ་ཁ་གཡར་ནས་ལྷོད་ལྷོད་སྡོད་ཀྱི་ཡིན་ནམ།
ད་ནི་ལམ་ལ་ཆས་ནས་རོགས་རམ་བྱེད་མགོ་རྩོམ་གི་ཡིན།
ད་ནི་ལག་གཉིས་ཐལ་མོ་སྦྱར་ཏེ།
འདས་གྲོངས་ཕྱིན་པ་དག་བདེ་བ་ཅན་ནས་སྐྱེ་བའི་སྨོན་ལམ་དང་།
ད་ནི་མིག་གཉིས་མཆི་མས་གང་སྟེ།
ཤུལ་དུ་ལུས་པ་ཚོར་སྡུག་བསྔལ་ལས་ཐར་བའི་རོགས་རམ་བྱེད།
ཚེས་བཅུ་དྲུག་དགོང་མོར་ཨ་རིར་བྲིས།

༢༠༡༠ ༤ ༢༠

ང་ཡི་སྐད་ཆ་ཚར་ཐལ་སྐྱེ་རྒུ་པ།

4.14ཁམས་སྐྱེ་རྒུའི་ས་ཡོམ་དོན་རྐྱེན་ལ་སྦྱར་བ།
སེང་རྡོར།


དེ་རིང་ཡང་ནི་སྔར་ལོ་བཞིན་དུ་མྱ་ངན་ཚིག་ཐུང་འབྲི་ཁུལ་བྱེད། །
དེ་རིང་ཡང་ནི་སྔར་ལོ་བཞིན་དུ་སྙུན་འདྲིའི་གཏམ་ཡག་བརྗོད་ཁུལ་བྱེད། །
ཐུང་ལ་ཉུང་བའི་ཡི་གེ་འགའ་ལ་རེ་བ་ཡོངས་རྫོགས་བཅོལ་བ་ཡི། །
འཆི་རྐྱེན་ཟད་པའི་ལས་ངན་ཁོ་བོ་ད་དུང་གསོན་འདི་ངོ་རེ་ཚ། །

དེ་རིང་ ཡང་ནི་སྔར་ལོ་བཞིན་དུ་ལེགས་སྦྱར་རེ་གཉིས་འདོན་ཁུལ་བྱེད། །
དེ་རིང་ཡང་ནི་སྔར་ལོ་བཞིན་དུ་ལྕགས་གོང་རེ་གཉིས་བསྒྲོན་ཁུལ་བྱེད། །
མིག་སྤུའི་གསེབ་ཀྱི་ཆུ་ཟིལ་འགའ་ལ་གདུང་སེམས་མཉམ་སྐྱེད་འབོད་པ་ཡི། །
འཆི་རྐྱེན་ཟད་པའི་ལས་ངན་བདག་རང་ད་དུང་གསོན་འདི་ངོ་རེ་ཚ། །

རང་ བྱུང་ཁམས་ཀྱི་རྩེད་ཆས་ཡིན་པའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
ཉི་མ་གཅིག་ལ་འཛམ་གླིང་བསྣུབ་ཀྱང་བློ་དང་ཇུས་བཀོད་ཡེ་ནས་མེད། །
གཉོམ་ཆུང་བཏུལ་བའི་ཨ་ཕོ་མང་ཡང་གལ་ལ་ཐུག་དུས་ལག་རྡུམ་རྐྱང་། །
འཆི་རྐྱེན་ཟད་པའི་ལས་ངན་ཁྱོད་ཀྱང་ད་དུང་གསོན་འདི་ངོ་རེ་ཚ། །

རང་ བྱུང་ཁམས་ཀྱི་མཆན་ཤིག་ལྟ་བུའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
སེན་རྒན་གཉིས་ཀྱིས་ནམ་ཞིག་གཅིར་བ་ཁྱོད་ཀྱིས་བློ་ཚོད་ཨེ་ཐུབ་བམ། །
བཅུ་གཉིས་ཕྱི་མར་ཨ་རིའི་ཙུང་ཐུང་ས་ཡོམ་ཁྲོད་དུ་འགྱེལ་པའང་། །
འཆི་རྐྱེན་མང་བའི་རྐང་གཉིས་འོ་ཅག་སྡུག་ལ་ཐུག་པའི་རྣམ་ཐར་རེད། །

མི་ནི་ འདི་ལྟར་གྲོག་མ་བཞིན་དུ་ནམ་ཤི་ཆ་རུ་དཀའ་བ་དང་། །
ཚེ་ནི་འདི་ལྟར་མཆོད་མེ་བཞིན་དུ་གར་གཟིམ་འདིར་གཟིམ་མེད་པས་ན། །
རྗེས་དྲན་ཞེས་པའི་ཚིག་ཐུང་འགའ་ཡིས་སེམས་དང་སེམས་པ་སྦྲེལ་བ་ཡང་། །
ན་བའི་དུས་ཀྱི་སྦྲིད་སྨན་ཙམ་དུ་སྐྱེ་བོ་ང་ཅག་མཉམ་དུ་འཐུང་། །

སྐྱེ་ རྒུའི་གྲོང་གི་འདས་པོ་ཁྱོད་ཅག་དེ་ཙམ་བྲེལ་བྲེལ་མ་གནང་དང་། །
སྐད་མང་རིགས་མང་འགྲོ་བ་ཡོངས་རྫོགས་བྱ་ཁྱུ་བཞིན་དུ་འཕུར་ནས་འགྲོ །
བདེ་བ་ཅན་ཞིག་གཞི་ནས་མེད་ཀྱང་ཡོད་ཡོད་ཙམ་དུ་སྒོམས་ལ་སོང་། །
འོད་དཔག་མེད་ཅེས་སྐྱོབ་པ་མཆོག་ཅིག་སེམས་ཀྱི་གདན་ལ་གསལ་དུ་ཐོབས། །

༢༠༡༠.༤.༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་ངུ་བཞིན་དུ་བྲིས།

ཆགས་འཇིག་ནག་པོ།

ཨ་ཚོགས་བློ་བྷེ།

སུས་ཀྱང་ཚད་མི་ཟིན་པའི་རང་བྱུང་གི་ཆགས་འཇིག
སུས་ཀྱང་ཚོད་མི་ཟིན་པའི་ཚེ་སྲོག་གི་གོད་ཆག
རྨི་འཕྲུལ་ཀྱི་ཀུ་རེ་ཞིག་དང་འདྲ་བའི་མྱིའི་མི་ཚེ་ཟེར་བ།
ལྷུང་ཆོག་ཆོག་གི་མིག་ཆུ་ཞིག་རེད།
སྨྲེང་ཆོག་ཆོག་གི་སྐྱོ་སྣང་ཞིག་རེད།

དེ་རིང་རི་རབ་ཀྱི་འདར་ཤུགས་དྲག་པོས།
ངའི་མིང་སྲིང་ཁྲི་ཕྲག་གི་ཚེ་སྲོག་སྡེབ་ཏུ་མིད་ཚུལ་བཀླགས་ནས།
མ་ཎིའི་དབྱངས་རྟ་མི་ཐོས་བའི་ནུབ་ཕྱོགས་ཀྱི་གྲུ་ཟུར་ཞིག་ནས།
སྐྱོ་གདུང་ནི་ཡུལ་ཤུལ་དང་མཉམ་དུ་བུད་སོང་ལ།
རེ་བ་ནི་ཡུལ་ཤུལ་དང་ལྷན་དུ་ལུས་ཡོད།

ཡུལ་ཤུལ་གྱི་ང་ཚོའི་ནང་མི་སྤུན་མཆེད།
ང་ཚོའི་ཁ་ཐག་ཇི་ལྟར་རིང་ཡང་ཕུགས་བསམ་གཅིག་ཡིན།
ང་ཚོ་ཐུན་མོང་གི་རེ་འབྲས་མ་སྨིན་གོང་བར་ཆད་ཀྱིས་ཁ་ཁར་བཏང་སོང་བས།
ཐག་རིང་གི་ང་ཚོས་ཕ་ཡུལ་ཡུལ་ཤུལ་ལ་མྱ་ངན་ཞུ་བཞིན་ཡོད།
མིག་ཆུ་གཏོང་བཞིན་ཡོད།

དཀོན་ཅོག་གི་སྤྱན་གྱིས་གློད་པ་འདྲ་བའི།
ད་ལྟའི་མྱ་ངན་འདི་སུས་ཀྱང་སྙིང་ནས་བཟོད་དཀའ་ཡང་།
མཆོད་སྟེགས་ཀྱི་མར་མེ་བཞིན་གཟིམས་ཚར་བའི་ཚེ་སྲོག་ཁྲི་ཕྲག
སླར་ཡང་ང་ཚོའི་བུ་སྤུན་དུ་སྐྱེས་པའི་སྐྱབས་འཇུག་ཞུ་བ་ལས་ཅི་ཡང་མི་འདུག
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

༢༠༡༠ ༤ ༡༥ཉིན་བྲིས།

མཆོད་མེ་ཀོང་བུ་གང་ལས་མེད་ཀྱང༌།

ས་ཡོམ་གྱི་གོད་ཆག་ཐེབས་པའི་ཕ་ཡུལ་གྱི་སྤུན་ཟླ་ཚོར།
སྐྱ་མདའ།

ས་ཁམས་འདི་ལས་ཡངས་ཤིང༌།
རི་རབ་སྟོང་གིས་ཀྱང་མི་ཁོག་པའི་མིག་ཆུ་ལྷུང་ལྷུང་དུ་ བཞུར་གྱིན།
འདར་སིག་སིག་གི་ལག་ཟུང་འདི་སྒུལ་བཞིན།
ངའི་ཕ་ཡུལ་གྱི་གོད་ཆག་དེའི་སླད་དུ།
མིག་ཆུ་དང་ལྷན་དུ་གྱེར་བའི་སྙན་ངག་གི་མཆོད་འབུལ་འདེབས་ ཀྱིན་ཡོད།

སྤུན་ཟླ་ཚོ། ས་འདི་ནས་ཀྱང་བྲེལ་བྲེལ་ཟིང་ཟིང་གིས།
ཡར་ལྷ་རུ་མཆོད་པ་དང༌། མར་ངན་སློང་ལ་སྦྱིན་པ་གཏོང་གིན།
རྣམ་ཤེས་དང་སེམས་ནུས་ཡོད་དགུ།
རྒྱང་རིང་གི་ཕ་ཡུལ་དུ་བཞུད་ཀྱིན་འདུག
ཕ་ཡུལ་གྱི་རི་བྲག་འདིལྟར་ཉིལ་དུས།
སུ་ཞིག་གིས་བཟོད་པར་ནུས།
ཕ་ཡུལ་གྱི་མཚོ་མོ་འདི་ལྟར་སྐེམ་དུས།
ངའི་དབང་རྩའི་རྡུལ་ཕྲན་རེ་རེ་ནས་སིལ་བུར་འཐོར་གྱིན་ ཡོད།

ངའི་ཕ་ཡུལ་གྱི་གློ་སྙིང་ལ་ཁབ་བཙག་གིས་མ་འབིགས་རོགས།
ཞི་བདེ་དང་ཁོར་ཡུག་དེའི་ཆེད་དུ།
ངའི་ཕ་ཡུལ་གྱི་ལུས་ཁམས་ལ།
ཁྲག་དམར་གྱིས་སྦགས་པའི་སོར་མོས་མ་འབྲད་རོགས།
ཉམ་ཆུང་གི་སྤུན་ཟླ་རྣམས་ཀྱི་ཆེད་དུ།
གནས་མཆོག་འདི་ནི།
སེམས་པ་ཁྲི་སྟོང་མང་པོའི་འཚོ་གནས་དང་རེ་ལྟོས་བཅའ་ས་ཡིན།

༢༠༡༠ ༤ ༡༦

ཡུལ་ཤུལ། ཆེས་གཅེས་པར་འོས་པའི་ཕ་ཡུལ།

གཟུངས་ཕྱུག་སྐྱིད།

གནམ་རྒན་མ་དགོད་ཀྱིན་འདུག

སོ་ཕྲེང་མི་མངོན་པའི་སྐྱི་པགས་ཀྱི་བར་ན་དགོད་ཀྱིན་འདུག
ན་ཟུག་མེད་པའི་འཁུན་སྒྲ་ཡི་ཀློང་ན་དགོད་ཀྱིན་འདུག
འདི་ནི་མིག་ཟུང་ཁྲག་གིས་སྐམ་ཟིན་པའི་ཞོགས་པ་ཞིག་ཡིན་ནམ།
ཡང་ན་དབྱངས་རྟ་ཐག་པས་བཀག་ཟིན་པའི་ས་སྲོད་ཅིག་ཡིན།

ཆེས་རང་བྱུང་དང་འཇིགས་སྣང་ཞིག་གི་གཡོ་འགུལ་ཁྲོད།

མཛེས་སྡུག་གི་ཚེ་སྲོག་རེ་རེ་ནི་ཇི་འདྲའི་སྙིང་ཉེ་བའི་ཤ་རུས་ཀྱི་ན་ཟུག་ཞིག་རེད་ཨང་། ཆེས་དྭངས་གཙང་དང་དྲོད་སྣང་གིས་འཁྱིལ་བའི་ཁྱིམ་གཞི་དེ་ནས།
གློ་བུར་དུ་མུན་ནག་གི་མྱ་ངན་ཞིག་གནམ་སའི་བར་དུ་མཆེད་ཅིང་།
ཆག་འཇིག་གི་ལོ་རྒྱུས་ཤིག་རི་ཆུའི་གཏིང་བར་འཐིམ་སོང་།

འདི་ལྟར སང་ཉིན་གྱི་རྨི་ལམ་ན་སྦྲུམ་པའི་ཁྱིམ་གཞི་ཞིག་རང་བྱུང་གིས་རྨག་མེད་དུ་བཅོམ་ཡང་།

འདི་ལྟར་ཟོལ་མེད་དྭངས་གཙང་གིས་འཁྱིལ་བའི་འཛུམ་མདངས་ཤིག་འོ་དོད་ཀྱིས་ཧྲུག་ཧྲུག་འཆས་ཀྱང་། མི་ཡུལ་འདིར་ཁྱེད་རང་དུས་གཏན་དུ་ཁེར་རྐྱང་ཡིན་མི་སྲིད།
རྩིས་སུ་མེད་པའི་མིག་ཟུང་དུ་མ་ཞིག་གི་དུང་སྣང་གིས་ཁྱེད་རང་འཚོལ་གྱིན་ཡོད་ལ།
འཇགས་སུ་མེད་པའི་སེམས་མ་གྲངས་མེད་ཅིག་གི་ན་ཟུག་གིས་ཁྱེད་ཚོ་མཐོ་རུ་བསྒྲེངས་ཡོད།


བདག་གི་བཞུད་སོང་བའི་གཉེན་ཉེ་ལགས།
རྨི་ལམ་ལྟ་བུའི་གས་ཆག་དམར་པོ་ དེའི་སྲུབས་ཀ་རེ་རེ་ན།

མིག་ཆུ་བཞུར་མ་ཚར་བའི་སེམས་པ་ག་ཚོད་སྦས་ཡོད།
འཇིགས་རུང་ལྟ་བུའི་འུར་ཟིང་ནག་པོ་དེའི་སྟེང་རིམ་ན།
མིག་ཟུང་དྲུས་ཚར་བའི་བརྩེ་འདང་ཅི་ཙམ་ལུས་ཡོད་ཨང་།
བདག་གི་སྤུན་ཟླ བདག་གི་གཉེན་ཉེ བདག་གི་ཕ་ཡུལ་ཨ།

ཆེས་རྒྱང་ཐག་རིང་བའི་མི་ཡུལ་གྱི་ཡུལ་མཐའ་ཞིག་ནས།

མར་མེ་རྐང་གཅིག་གི་སེམས་འདུན་མཐོ་རུ་བསྒྲེངས་བཞིན།
བདག་གིས་འདི་ལྟར་འཇིག་རྟེན་ལ་འཁང་ར་བྱེད་ཀྱིན་ཡོད།

ཆེས་སྐྱོ་གདུང་དང་མྱ་ངན་ལྕི་བའི་ ས་སྲོད་ཅིག་ལ།

མ་ཎི་ཚར་གཅིག་གི་དབུགས་དབྱུང་ཁྲོད་ནས།
བདག་གིས་འདི་ལྟར་རང་ཉིད་ལ་ངེས་ཤེས་བཙལ་གྱིན་ཡོད།
ཡུལ་ཤུལ། ཆེས་གཅེས་པར་འོས་པའི་བདག་གི་ཕ་ཡུལ་ལགས

༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ་བྱུང་བའི་ས་འགུལ་ཐོས་རྗེས་སུ་བྲིས།

ཨོཾ་མ་ཎི་པདྨེ་ཧཱུྃ།

མི་ཁོམ་པའི་རྒྱལ་སྲས།

ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
རང་བྱུང་གནོད་འཚེ་འདི་གང་གིས་མི་ཁོག།
ཤི་རྨས་སྡུག་བསྔལ་དེ་སུས་ཀྱང་མི་ཐེགས།།
འོན་ཀྱང་སྤུན་ཟླ་ཚོས་གདུང་སེམས་མཉམ་བསྐྱེད།།
གོ་ལ་ཟླུམ་པོ་འདི་ཡོམ་པོར་བྱས་ཡོད།།
ཨ་ཧོ་ཡུལ་ཤུལ་གྱི་སྤུན་ཟླ་རྣམ་པར།།
ཧ་ཅང་སྐྱོ་གདུང་གིས་མིག་ཆུ་བཏང་ཡོད།།
ས་ཡོམ་བདུན་གཅིག་ཡན་འཁྲུག་ཚུལ་འོག་ན།།
ཤ་ཁྲག་རུས་འདྲེས་ཀྱི་སྤུན་ཟླ་ཁྱོད་ཚོ།།
ལ་འུར་རང་བྱུང་གི་འཇིག་པ་སླེབས་པས།།
ར་བ་ཁང་ཁྱིམ་དང་མི་ཟོག་ཡོད་ཚད།།
ཡ་ངའི་འཇིགས་རུང་གི་གནས་སུ་བསྐྱལ་སོང༌།།
འ་ཅག་སྤུན་ཟླ་ཡོངས་སེམས་པ་སྐྱོ་ཡོད།།
ཟ་བྱེད་གཤིན་རྗེ་ཡི་ཁ་རུ་ཚུད་པའི།།
ཞི་བར་མནལ་བ་ཚོར་གསོལ་འདེབས་བྱས་ཡོད།།
ཝ་རཱ་ཎ་སཱ་ཡི་འོད་ཟེར་གྲོང་ན།།
ཛ་ཡ་རྒྱལ་མཆོག་གིས་སྤྱན་རས་གཟིགས་ཡོད།།
ཚ་འུར་རང་བྱུང་གིས་གནོད་པའི་སྤུན་ཟླར།།
ཙ་ན་ཡིན་ཡང་དུ་གདུང་སེམས་མཉམ་བསྐྱེད།།
མ་བུ་ཁ་བྲལ་གྱི་ངུ་འབོད་ཀློང་ན།།
བ་གམ་ཁང་བརྩེགས་ཀྱི་འཐོར་བཤིག་གསེབ་ན།།
ཕ་རོལ་འདས་པོ་ཚོའི་རྣམ་ཤེས་འཁྱམས་པོར།།
པ་སངས་སྐར་འོད་འདྲའི་མར་མེ་སྒྲོན་ཡོད།།
ན་རག་དམྱལ་ཁམས་ཀྱི་སྡུག་བསྔལ་ཡོད་ཚད།།
ད་ལྟ་ངེད་ཅག་གི་མགོ་ལ་སླེབས་སོང༌།།
ཐ་དད་ཡུལ་ཕྱོགས་ཀྱི་སྤུན་ཟླ་རྣམས་དང༌།།
ཏཱ་ལའི་མཚན་ཅན་སོགས་སྐྱོ་བ་སྐྱེས་ཡོད།།
ཉ་གང་ཟླ་རྒྱས་ཀྱི་ལྷག་བསམ་དཀར་པོས།།
ཇ་སྐོམ་ཟས་ཆད་ཀྱི་ཁྱོད་ཚོ་སེམས་བཞིན།།
ཆ་རྐྱེན་ཡོད་ཚད་ཀྱི་སྟོང་བའི་ཁྱོད་ཚོར།།
ཅ་ལག་ཟས་གོས་ཀྱི་རོགས་རམ་བྱ་ངེས།།
ང་ཅག་ལུས་པོ་འདི་རྨས་སྐྱོན་མེད་ཀྱང༌།།
ག་ཆད་སེམས་པ་འདི་མཉམ་དུ་རྨས་ཡོད།།
ཁ་ཁོག་མེད་པ་ཡི་སྡུག་གཏམ་འདིས་ཀྱང༌།།
ཀྭ་ཡེ་སྤུན་ཟླ་ཚོར་མྱ་ངན་ཞུས་ཡོད།།
ཡབ་རྗེ་བླ་མ་ཡི་གདན་ས་དེ་ན།།
དོན་མེད་ལེ་ལོ་ཡིས་ཉིན་མཚན་བསྐྱལ་བའི།།
གྲྭ་རྐྱང་མི་ཁོམ་པའི་རྒྱལ་སྲས་འབོད་པས།།
སྐྱོ་བའི་མཆི་མ་དང་མཉམ་དུ་བྲིས་ཡོད།།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་

ངས་འདི་ལྟར་འཁང་ར་བྱེད་ཀྱིན་ཡོད།

གཟུངས་མོ་སྐྱིད།

ས་ཕུག་དང་རྡོ་ཁང་ན་ཉལ་བའི་ཚེ་སྲོག་དག་ལ་ཉེས་པ་ཅི་ཞིག་ཡོད
མིག་ཆུ་དང་མྱ་ངན་ཁྲོད་ལྷག་པའི་ད་ཕྲུག་དག་ལ་ཉེས་པ་ཅི་ཞིག་ཡོད
གནམ་རྒན་མ
ངས་འདི་ལྟར་ཁྱོད་ལ་འཁང་ར་བྱེད་སྲིད
རང་བྱང་གི་གནོད་འཚེ་ནི་ཟློག་ཏུ་མེད་པའི་ཆོས་ཉིད་དུ་གྲུབ་པ་བདེན་ཡང
ཅི་ཞིག་ལ ཁྱོད་ཀྱི་ཁྲོ་གཉེར་གྱི་སྡང་སྡིགས་དྲག་པོས
བདག་གི་མཛེས་སྡུག་གི་རི་ཆུ་བཅོམས་ནས་འགྲོ་དགོས
བདག་གི་དངས་གཙང་གི་རྨི་ལམ་དཀྲོགས་ནས་འགྲོ་དགོས
གནམ་རྒན་མ
སུ་ཞིག་གིས་ཁྱོད་ཀྱི་དག་གཙང་གི་ངོ་གདོང་ལ་ཕོག་ཐུག་བཏང་ཡོད་རུང
མཛེས་སྡུག་གི་གཟུགས་རིས་ལ་ནག་ཉེས་བཟོས་ཡོད་རུང
ས་རྡོ་དང་གྱང་ཆག་གི་བར་ལ་འཐིམས་པའི་ཁྲག་ཐིགས་དེ་དག
ཉེས་མེད་ཉམ་ཆུང་གི་ཚེ་སྲོག་རྐྔང་རྐྱང་ཡིན
ཅི་ཞིག་ལ ཁྱོད་ཀྱིས་སྡང་སྡིགས་ཀྱི་མིག་ཟུང་ང་ཚོར་ཅེར་ནས་ཡོང་དགོས
རྣམ་སྨིན་གྱི་ཉེས་ཆད་ང་ཚོར་གཏད་ནས་འདུག་དགོས
རང་བྱང་གི་ཆག་འཇིག་འདི་ཁྱོད་ཀྱིས་ང་ཚོར་བཏང་བའི་ཉེན་བརྡ་ཡིན་ཡང
དེ་རིང་གི་ས་གཞི་ནི་ཆེས་མུན་ནག་དང་འཇིགས་རུང་གི་དམྱལ་ཁམས་རེད
ཁྱོད་ཀྱིས་ཞེ་སྡང་གི་གཡོ་འགུལ་ཐེངས་གཅིག་བར་ནས
ང་ཚོའི་རྨི་ལམ་དང་བརྩེ་འདང་མ་ལུས་བཅད་ནས་བུད་སོང
ང་ཚོའི་སེམས་པ་དང་མིག་ཆུ་ཡོད་ཚད་དཀྲུགས་ནས་བུད་སོང
འདི་ལྟར ང་ཚོའི་དྲོད་སྣང་གི་ཁྱིམ་གཞི་དང་རང་བྱུང་གི་མཛེས་སྡུག་མ་ལུས
ཁྱོད་ཀྱིས་སེར་སྣ་དང་སྙིང་རྗེ་མེད་པར་ཁྱུར་མིད་བཏང་ཡང
ང་ཚོར སྔར་བཞིན་སེམས་པ་དང་ལག་ཟུང་གྲངས་མེད་ཀྱི་དཔུང་རོགས་ཡོད
དད་འདུན་དང་སྨོན་ལམ་གྲངས་མེད་ཀྱི་སྟོབས་ཤུགས་ཡོད་པས
བདག་གི་སྤུན་ཟླ་དང་ཡུལ་མི་ཚོ
ནམ་ཡང་ཁེར་རྐྱང་གིས་ལྷག་མི་སྲིད
དོ་ནུབ ངས་མུན་པ་དང་མིག་ཆུ་འདྲེས་མཚམས་ཀྱི་གྲུ་ཁ་ཞིག་ནས
མ་ཎི་ཡིག་དྲུག་གི་དབྱངས་རྟ་ཤུགས་ཀྱིས་གྱེར་བཞིན
བཞུད་ཟིན་པའི་བདག་གི་སྤུན་ཟླ་ཚོར་མྱ་ངན་ཞུ་བཞིན་ཡོད
ད་དུང སེམས་འདུན་གྱི་མཆོད་མེ་རེ་རེ་དལ་གྱིས་སྒྲོན་བཞིན
ས་ཆེན་གྱི་བྲང་ཁོག་ཕྱི་ལ་བཏོན་པའི་ཉེས་ཅན་ཚོའི་ཆེད་དུ
འགྱོད་གཤགས་ཀྱི་མིག་ཆུ་བཞུར་བཞིན་ཡོད

༢༠༡༠ ༤ ༡༦ཉིན།

མིག་ཆུ་བརློན་པ།

བློ་མིག

སེམས་པ་མི་བཟོད་འབར་བའི་སྡུག་བསྔལ་གྱིས་བསྲེགས་འདུག །
མིག་ཟུང་ཆུ་ཐིག་ཕྲེང་བའི་རྒྱུན་ཐག་གི་འབྲེལ་འདུག །
ཚེ་སྲོག་དབུགས་དྲོན་གཅོད་པའི་རང་བྱུང་གི་གནོད་པ །།
གློ་བུར་གང་འདོད་ཡོང་བ་ཅི་ཞིག་གི་ཡིན་ནམ །།

བྱམས་ལྡན་ཕ་མ་མེད་པའི་དྭ་ཕྲུག་གི་སྐོར་ཞིག །
བྲང་གི་ནུ་མ་སྐམ་པའི་ཨ་མ་ཡི་ཚོགས་ཤིག །
མི་ཤི་ཁྱིམ་སྟོང་གྱུར་བས་གྱང་རོ་སྟེ་ག་ཚོད །།
ཟས་ཀྱི་ལྟོགས་སྐོམ་མྱོང་བའི་ཤུལ་ལུས་ཀྱི་སྤུན་ཟླ ། །

གོད་ཆག་གྱོང་རྒུད་བྱུང་བའི་ལོ་རྒྱུས་ཀྱི་ཤོག་ལྷེ ། །
ས་འགུལ་བྱེ་རླུང་འཐུབ་པ་ལས་དབང་གི་བཀོད་སྒྲིག །
མྱ་ངན་འཁུན་སྒྲ་སྒྲོགས་བའི་ས་སྟེང་གི་སྐྱེ་འགྲོ །
ན་ཟུག་རུས་རྐང་ཐོན་པའི་ཚ་ཤད་ཀྱི་ལྕགས་མདའ ། །

འགྱོད་སེམས་ངུ་འབོད་གྱེར་བའི་རྒན་གཞོན་གྱི་ཕོ་མོ ། །
འཇིག་རྟེན་ཕྱི་མར་སོང་བའི་གྲྭ་གྲོང་གི་ཕུ་ནུ ། །
ལུས་སེམས་རྨ་ཁ་དོད་པའི་ཕྱི་ནང་གི་རིགས་མཐུན །།
བདག་གི་སྐྱོ་བ་དྲགས་པོའི་མིག་ཆུ་ཞིག་ཤོར་ཐལ །།

༢༠༡༠ ༤ ༡༦ ཉིན་དྲ་ཁང་ནས་ཤར་མར་བྲིས།

ས་བདག་གིས་རྨུགས་པའི་ཡུལ་ཤུལ།

རྨ་ཞོགས་རླུང༌།

ཚད་རིམ་བདུན་དང་གྲངས་ཆུང་གཅིག་ཅན་གྱི་ས་ཡོམ་ཞིག
མཆེ་བ་བགྲད་པའི་གཅན་གཟན་ལྟར
གདུག་རྩུབ་ཀྱིས་མཐོ་སྒང་གི་གཞིས་ཀར་འཛུལ་ཏེ
སྤུན་ཟླ་མང་པོ་ཞིག་ཁྱུར་མིད་དུ་བཏང་སོང

ཁ་སང་མཆོང་ལྡིང་བགྱིད་པའི་སོ་དཀར་གྱི་བྱིས་པ་དང
ཁ་སང་ཕྱག་སྐོར་ཕེབས་པའི་སྐྲ་དཀར་གྱི་རྒན་པ

ད་དུང ད་དུང
མི་མང་པོ་མང་པོ་ཞིག
ད་ལྟ་གྱང་ཆག་དང་ཤིང་རལ་གྱི་གསེང་དུ
རྣམ་ཤེས་བོར་ཟིན་པའི་བེམ་པོ་རུ་གྱུར་འདུག་ཟེར

སྐྱི་གཡའ་བའི་དོན་དེ
རྣ་བའི་གས་སྲུབས་གཏོར་ནས་ཤག་ཤག་ཏུ་བཞུར་ཡོང་དུས
སྙིང་འགོ་རུ་སོ་ཤད་རྒྱག་པ་ལྟ་བའི་ཟུག་གཟེར་མང་པོ་ཞིག
ང་ཚོའི་ཤ་གསེང་རུས་གསེང་དུ་སྤུངས་སོང

མྱ་ངན་འཐིབས་ཤིང་ངུད་མོ་མཆེད་པའི་ཡུལ་དེ་ནས
གཅེས་ཐང་ཆེ་བའི་ལུས་པོ་རྨ་ཁས་ཁེངས་ཤིང
ན་ཟུག་གི་འཁུན་སྒྲ་འབྱིན་པའི་སྤུན་ཟླ་རྨས་མ་ཚོར
འཇིགས་པའི་གཡང་གཟར་ལས
རིངས་པ་རིངས་པར་གྲོལ་ཞིང
སྔར་ལས་ལྷག་པའི་བདེ་ཐང་ཞིག་རྙེད་པར
དཀོན་མཆོག་གིས་ཐུགས་རྗེས་གཟིགས་རོགས

སྟོན་ལོ་བསེར་བུས་བདས་པ་བཞིན
བརྩེ་མེད་ས་བདག་གིས
མུན་པའི་འོབས་སུ་དད་པའི་རྣམ་ཤེས་གཉོམ་པོ་དག་ལ
ང་ཚོ་སྟེ་ཤུལ་དུ་ལུས་པ་དག་གིས
རྣམ་དག་གི་མཆོད་མེ་བཏེག་ནས
གདུང་བའི་དབྱངས་ཀྱིས་མྱ་ངན་ཞུ

༢༠༡༠ ༤ ༡༤

བླ་མ་མཁྱེན་ནོ།

ནགས་ཤོད་རིག་རལ།


ཤ་རུས་བར་ནས་སྡུག་གི་ཟུག་ངུ་དེ་ལྡང་ཞིང་། །
སྙིང་གི་ཁོངས་ནས་སྐྱོ་བའི་འཕར་རྩ་འདི་གཡོ་བ། །
རིགས་གཅིག་སྤུན་ཟླའི་སྐུ་ཕུང་རྩྭ་ལོ་ལྟར་འབར་དུས། །
ཡིད་ལ་མྱ་ངན་རི་བོའི་གནོན་ཤུགས་འདི་ལྕི་ཡ། །

ཕ་གཞིས་དྲོད་འཇམ་ལྡང་བའི་སྦྲ་ནག་ནས་བཏོན་སོང་། །
དཀར་ཞོ་ཟས་ཀྱི་བསོད་ནམས་འཚོ་རྟེན་ཡང་བཅོམ་སོང་། །
སྤུས་མེད་སྡོད་ཁང་སྲོག་གི་གཤེད་མ་རུ་འགྱུར་བ། །
རྐྱེན་ངན་བར་ཆད་འདི་འདྲ་མི་སེམས་སུ་གཤོང་དཀའ། །

མཁྱེན་ནོ་མཁྱེན་ནོ་བླ་མའི་ཐུགས་རྗེ་དེ་མཁྱེན་ནོ། །
དགོངས་སོ་དགོངས་སོ་ཡེ་ཤེས་དབྱིངས་རིག་གི་བདག་པོ། །
གློ་བུར་མི་ཚེ་རྫོགས་པའི་སྤུན་ཟླ་ཚོའི་རྣམ་ཤེས།། །
བླ་མའི་དྲིན་གྱིས་འོད་གསལ་ལམ་སྣེ་དེ་ཟིན་ཤོག །

གདུང་སེམས་མཉམ་བསྐྱེད།

4.14 ས་འགུལ་ཁྲོད་འདས་པའི་སྤུན་ཉེ་ཚོར་ཕུལ་བ།
མྱི་ཆེན


བརྩེ་ཆེན་ཧྲྰི་དཀར་གྱི་འཛུམ་པ་འབངས་ལ་ངོམ་པའི།།
འཛམ་གླིང་སྐྱེ་དགུ་ཡི་མིག་གཅིག་ཐུགས་རྗེས་གཟིགས་ཤིག །
ས་ཆེན་མྱ་ངན་གྱིས་བཟུང་བའི་གས་སྲིབས་རེ་ནས།།
ཁྲི་ཕྲག་རྣམ་ཤེས་ཀྱི་འོ་དོད་རྒྱང་ལ་བྱེར་ཡོད། །

ལྷ་ཆེན་ནུས་མཐུ་ཅན་ཡོད་ན་འཕུར་ནས་ཤོག་དང་། །
སྙིང་སྟོབས་ཕུལ་བྱུང་གི་རྫུ་འཕྲུལ་ངོམ་རན་འདུག་གོ།
ཡངས་པའི་ས་གོག་འདིས་ཚེ་སྲོག་ཁྲི་ཕྲག་མང་བོ། །
ཕངས་མེད་ཡ་ཁོག་ལ་དྲངས་པའི་མནར་གཅོད་མི་བཟོད། །

སྐྱིད་ཀྱི་ཉི་མ་དང་ལོ་ཟླའི་དཀྱོགས་མཚམས་རེ་རེར། །
ལས་དབང་རླུང་བུ་ལ་བཅིབས་པའི་གཞོན་སྐྱེས་ཕོ་མོ།།
གློ་བུར་ཉེས་མེད་ངང་འབྱུང་བའི་ཁམས་སུ་ཐིམ་པས།།
འཇིག་རྟེན་འཁོར་བ་འདིར་སྐྱོ་དང་གདུང་བ་སྐྱེས་འོང་། །

ནངས་ཞོགས་དཔེ་ཁུག་དང་ལང་ཚོ་ངོམ་པའི་བྱིས་པ།།
གློ་བུར་མུན་ནག་གི་ས་ཆེན་འོག་ཏུ་མནན་ཞིང་། །
སྨྲེ་སྔགས་གདུང་ཡུས་ཀྱི་རེ་འབོད་ཞུ་དབང་མེད་པར། །
བར་དོའི་འཕྲང་རིང་ལ་ཕྱིན་འདིར་འཚེར་སྣང་སྐྱེས་འོང་། །

ལས་དབང་འབྱུང་འཇུག་གི་རྒྱུ་བ་མ་སྙོམས་དབང་གིས།།
ཉེས་མེད་འགྲོ་ཚོགས་ཀྱི་ཚེ་སྲོག་ས་ལ་བརྡབས་སོང་།།
གདོང་དམར་བོད་པ་ལགས་སྙིང་སྟོབས་དཔུང་ཤ་ངོམ་སྟེ།།
རྡོག་རྩ་གཅིག་སྒྲིལ་གྱིས་རང་སྟོབས་རང་གིས་སྐྱེད་རོགས།།

ཆོས་ལྡན་ཞིང་ཁམས་འདིའི་མིང་སྲིང་སྟོང་ཕྲག་གང་མང་།།
སྣང་སྲིད་འཁོར་འདས་ཀྱི་བདེན་ལུགས་རྩོད་དབང་མེད་པར།།
རྟེན་འབྲེལ་ལུགས་ལྡོག་གིས་མྱ་ངན་ཐང་ཆེན་འགྲིམས་པར། །
ཡིག་དྲུག་དབྱངས་རྟ་དང་མིག་ཆུས་སྐྱེལ་མ་ཞུས་ཡོད། །

ཕྱི་རབས་གཞོན་སྐྱེས་ཀྱི་སེམས་ཤུགས་སླར་སྣོན་རྒྱོབ་དང་། །
ང་ཚོའི་རུས་ཤོག་འདི་མི་ཚང་གཅིག་ཏུ་འདུས་ཡོད། །
རླབས་ཆེན་ཁྱིམ་གཞིས་ཀྱི་དྲོད་ཁོལ་བསྐྱར་དུ་གསོས་ཏེ། །
འབྱུང་འགྱུར་བདེ་སྐྱིད་ཀྱི་གོམ་ཁ་རྒྱང་ལ་སྤོ་དགོས། །

༢༠༡༠.༤.༡༧

བོད་ཀྱི་སྡུག་བསྔལ།

སྤྱི་ཟླ༤པའི་ཚེས༡༤ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་གི་སྐྱེ་རྒུ་མདོ་ལ་ཕུལ།
དགའ་དགའ།


གསོན་སྙིང་འདྲལ་ཞིང་གློ་མཆིན་གཅུ་བྱེད་པའི།།
དུས་ཀྱི་འཇིགས་པ་འོངས་པའི་ཉིན་མོ་ནས།།
མིག་མཐའི་མཆི་མ་གཞར་ཡང་སྐམ་མིན་པའི།།
སྡུག་གི་མཚོ་མོར་སྣོན་པ་སུ་ཡིས་བྱིན།།
ཉིན་མོ་གར་སོང་ས་ནས་ཁམས་མ་དྭངས།།
མཚན་མོའི་རྨི་ལམ་འགྲིམས་ཡང་བློ་མ་བདེ།།
གསར་འགྱུར་ཐན་ཐུན་ཐོས་དུས་གསོན་པོའི་སྙིང་།
ཐེར་ཚལ་སྦར་ཚལ་གཏོང་བ་སུ་ཡི་འཕྲུལ།།
ཕ་གསོད་ལག་དམར་མཐོང་ཡང་གཡས་ནས་བསྐྱུར།།
མ་གཏུབ་གཤེད་མ་རིག་ཀྱང་གུད་དུ་བོར།།
བཟོད་པའི་མ་ཐུབ་ཞེ་སྡང་ངར་མའི་མཚོན།།
གང་སར་གཡུག་པའི་སྙིང་ནད་སུ་ལ་རྩོད།།
ཙོག་པུར་བསྡད་ཀྱང་མགོ་ནས་སྙིང་ལ་འཐིབས།།
འགྲེང་ནས་བསྡད་ན་རྐང་ནས་རུས་ལ་ཟུག།
བསམ་ནས་བསྡད་ན་ཞ་རེངས་ནད་ཐེབས་ཚོད།།
སྡུག་འདི་སངས་བའི་ཐབས་འགའ་ཡོད་དམ་ཅི།།
བོད་པ་བོད་པ་ཧ་ཅང་ལས་ངན་སྟེ།།
བོད་པ་སྐྱེ་རྒུ་མདོ་ལ་སྡུག་བསྔལ་བྱིན།།
དུས་མཐའི་རྒུད་པའི་ལས་དབང་ཆེས་བཙན་ཡང་།།
ཀུ་རེ་འདི་ཡང་ཧ་ཅང་ཐལ་ཆེ་ལགས།།
རྒྱུ་འབྲས་རྙོག་པའི་ཁྱི་ཚང་བཙན་དང་གཅིག།
འབྱུང་བའི་སྤྱང་ལྟོགས་སྙིང་རྗེ་མེད་དང་གཉིས།།
གངས་ཅན་བོད་ལ་འཛོམ་པའི་ལག་རྗེས་ལ།།
ང་ཡི་སྐྱེ་རྒུ་མདོ་བ་ཁྱུད་མུད་བྱས།།
ཅི་ཞིག་ཉེས་སམ་བདག་གི་རིགས་ཀྱི་རྒྱུད།།
བྱམས་དང་སྙིང་རྗེས་ཁེངས་པས་ལན་ནམ་ཅི།།
ཅི་ཞིག་ཉེས་སམ་བདག་གི་རིགས་ཀྱི་རྒྱུད།།
དྲང་བདེན་ཡ་རབས་ཡིན་པས་བརླག་སོང་ངམ།
ང་ལ་སྲོག་ལན་སྤྲོད་ཅིག་གཤེད་མ་ཀྱེ།།
ཤི་བོའི་གྲངས་ཀ་སྤྲོད་ཅིག་དམེ་བོ་ཀྱེ།།
མདོ་སྟོད་སྐྱེ་རྒུ་མདོ་བའི་སྤུན་ཟླ་ཡིས།།
འཆི་བའི་མིག་གིས་ཅེར་རེར་སྒུག་ནས་ཡོད།།
མཆོད་མེ་སྦར་ནས་གསོལ་འདེབས་ལན་གསུམ་བྱས།།
དགེ་སྒྲུབ་ཅུང་ཟད་ཕྱི་མའི་ལམ་ལ་བསྐུར།།
གཤིན་ཐང་བྱེ་མ་སྐྱ་བོའི་ཉག་ག་ནས།།
ཕྱག་ན་པདྨོས་ལམ་སྣ་འདྲེན་པར་ཤོག།
ལས་དབང་སྐུད་པའི་གཅིག་ཏུ་འཐབ་པའི་སྐྱ།།
ཡང་ཡང་བཤིག་ཀྱང་མདུད་པ་མི་ཤིགས་པ།།
གངས་ཅན་བོད་པ་ཞིག་གི་རྣམ་ཤེས་ཀྱིས།།
སླར་ཡང་སྐྱེ་རྒུ་མདོ་ལ་འཛོམས་པར་སྨོན།།


༢༠༡༠ལོའི་སྤྱི་ཟླ༤ཚེས༡༦ཉིན།

རིག་པ་བསྒྲིམས་ཤིག་བརྩེ་བའི་ཡུལ་ཤུལ་བ།

དབུ་རུ་དོན་འདུར།

ཡོམ་ཡོམ་གཡོ་བ་རྨི་ལམ་མིན་ཀྱང་སྲིད།
འདར་འདར་འགུལ་བ་མིག་འཕྲུལ་མིན་ཀྱང་ངེས།
རེ་རེ་བཞིག་པ་ཁང་པ་ཡིན་ཀྱང་འདྲ།
སྐྱོ་སྐྱོ་མ་སྒུར་བརྩེ་བའི་ཡུལ་ཤུལ་བ།

འཛོམས་ནས་བྲལ་བ་དོན་དངོས་ཡིན་ཀྱང་འདྲ།
སྐྱེ་ནས་འཆི་བ་ངོ་མ་ཡིན་ཀྱང་ངེས།
གཏན་དུ་གྱེས་པ་ཚེ་སྲོག་ཡིན་ཀྱང་འདྲ།
རིག་པ་བསྒྲིམས་ཤིག་བརྩེ་བའི་ཡུལ་ཤུལ་བ།

ཕ་མ་བྲལ་ནས་དྭ་ཕྲུག་ལུས་ཀྱང་སྲིད།
བུ་ཕྲུག་སོང་ནས་རྒན་གོག་སྡོད་ཀྱང་ངེས།
འགྲོ་མི་ཚང་མ་བྲལ་བར་མི་གཟོད་ཀྱང་།
མིག་ཆུ་མ་གཏོང་བརྩེ་བའི་ཡུལ་ཤུལ་བ།

ཁྱིམ་ཚང་རྒྱུ་ནོར་ཐལ་བར་སློག་ཀྱང་རུང་།
ནང་མི་འཛོམས་པ་གཏན་བྲལ་བྱས་ཀྱང་འདྲ།
དུང་བའི་ཐག་སྣེ་བདུད་ཀྱི་བཟུང་ཟིན་ཡང་།
སྙིང་སྟོབས་སྐྱེད་ཤིག་བརྩེ་བའི་ཡུལ་ཤུལ་བ།

སྟོབས་འབྱོར་མངའ་ཐང་ས་ལ་བརྡབས་ཀྱང་རུང་།
ཉེ་དུ་སྤུན་ཟླ་ས་རྡོར་འདྲེས་ཀྱང་འདྲ།
འོག་ལ་བཅུག་པ་དུང་བའི་མ་ཡིན་ཀྱང་།
རིག་པ་བསྒྲིམས་ཤིག་བརྩེ་བའི་ཡུལ་ཤུལ་བ།

འགྲོ་མི་ཚང་མ་གཉེན་དང་ཉེ་དུ་རེད།
སྡོད་མི་ཀུང་ཀྱང་ཕ་མ་སྤུན་མཆེད་རེད།
ཆོས་ཉིད་རྒྱལ་མོས་རྡོག་རོལ་བཏང་ན་ཡང་།
ཡར་ལ་ལོངས་ཤོག་བརྩེ་བའི་ཡུལ་ཤུལ་བ།

ཕྱོགས་བཞི་མཚམས་བརྒྱད་རང་གི་སྤུན་ཟླ་རེད།
རོགས་མི་ཡོད་ཚད་རང་གི་ཕ་མ་རེད།
ལག་ཟུང་དྲོན་མོ་ཕྱོགས་ནས་བསྲིང་ཡོང་དུས།
སྙིང་སྟོབས་བསྐྱེད་ཤིག་བརྩེ་བའི་ཡུ་ཤུལ་བ།

འདུ་ནས་བྲལ་དགོས་འཁོར་བའི་རང་གཤིས་རེད།
སྐྱེས་ནས་འཆི་དགོས་དུས་ཀྱི་སྔ་ཕྱི་ཙམ།
རང་བྱུང་ཧམ་པས་མགོ་ནས་གནོན་ཡོང་དུས།
ཡར་ལ་ལོངས་ཤོག་བརྩེ་བའི་ཡུལ་ཤུལ་བ།

ངའི་མ་ཎི་ཡིག་དྲུག་གི་དབྱངས་བཅིབས་ནས་ཕེབས་རོགས་ཞུ།

མདའ་ཚན་པ།

ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་བུད་སོང་།
ཁྱེད་རང་གློ་བུར་དུ་བུད་སོང་།
ཁྱེད་རང་མ་བསམ་ས་ནས་བུད་སོང་།
ཁྱེད་རང་གིས་འཇིགས་དངངས་དང་ན་ཟུག་ཅིག་ཁྱེར་ནས་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་གིས་བརྩེ་བ་ཕྱེད་ཀ་ང་ལ་བཞག་ནས་བུད་སོང་།
ངའི་བརྩེ་བ་ཕྱེད་ཀ་ཁྱེད་རང་གིས་ཁྱེར་ནས་བུད་སོང་།
ཁྱེད་རང་ཕྱིར་ཡོང་མེད་པར་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ངས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས་ཁྱེད་རྗེས་ལ་ངུ་འབོད་བྱས།
ཁྱེད་རང་ངའི་མ་ཎིའི་དབྱངས་རྟ་ལ་བཅིབས་ནས་ཕེབས་རོགས་ཞུ
ངས་ཁྱེད་ཀྱི་ཆེད་དུ་མཚན་ཐུབ་མར་མེ་ཞིག་སྦར་ཡོད།
རྒྱུས་མེད་མུན་ནག་བརྒྱུད་ཕེབས་དུས།
ཁྱེད་ལ་ལམ་སྟོན་གྱི་སྒྲོན་མེ་ཉན་པར་ཤོག
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།

སྐད་སྒྲ་མེད་པའི་མིག་ཆུ།

ཡུལ་ཤུལ་ས་ཡོམ་ཁྲོད་ཀྱི་གཤིན་གསོན་རྣམས་ལ་ཕུལ་བ།
གཡུ་སྲས།

ས་སྲོད་ཀྱི་བཙག་ཤད་དང་ཁངས་ཆར་འདྲེས་མའི་རྡོག་སྒྲ་དེས
སུ་ཞིག་གི་གདོང་ལ་གསུབ་ཐབས་བྲལ་བའི་རྟགས་ཐམ་དང་བཀའ་རྒྱ་བཏབ་ཅིང
ཞོགས་པ་གཞན་ཞིག་གི་སྐྱ་མདའི་ཀློང་ལ་རུས་རྐང་གཟེར་བའི་བུ་ལོན་བཀལ
ས་ཆེན་ཁྲོས་པའི་སྡང་མིག་གམ་གནམ་གྱིས་བསྐོས་པའི་གཙེས་རྒོལ་གང་ཡིན་མ་ངེས་མོད
ཡུལ་ཤུལ་དུ་རིགས་མཐུན་ཁྲི་སྟོང་མང་པོའི་གཅེས་པའི་ཚེ་སྲོག་རི་བོ་ལྟར་འགྱེལ་སོང
ཡུལ་ཤུལ་དུ་ཞེ་མཐུན་སྟོང་ཕྲག་མང་པོའི་རིན་ཆེན་མི་ལུས་འཇའ་ཚོན་ལྟར་ཡལ་སོང
ཡུལ་ཤུལ་དུ......

ངུས་ཀྱང་མིག་ཆུ་མེད་པ་ནི་མགྲིན་པ་བརྣངས་པའི་བདག་གི་མགོ་བོ་འདི་རེད
སྨན་ཁང་གི་གྲུ་ལོགས་ཤིག་ན་ཁ་ཁུ་སིམ་མེར
ཡུལ་གྱི་རྩེ་རོགས་དྲན་གི་ཟེར་བའི་བུ་མོ་བཀྲ་ཤིས་མཚོ་མོ་རེད
དགུང་ལོ་རེ་ལྔར་སོན་ཡང་བརྙས་སྨོད་ཀྱི་བཙན་རྒོད་ཐེབས་པའི་ཨ་མ་སྐྱིད་ལོ་རེད
གདོང་ཡོངས་རྨ་ཁས་ཁེབས་པའི་ཨ་ཕ་བཀྲ་ཤིས་རེད
བྲང་གཞུང་དང་བརླ་རྐང་འགུལ་རྒྱུ་མེད་པའི་ཕུ་བོ་དགེ་ལེགས་རེད
བུ་ཆེ་བ་ཕྱི་མར་བུད་སོང་ཟེར་བའི་ཕུ་བོ་དགེ་ལེགས་ཀྱིས
ངའི་གཟུགས་གཞི་དང་བྱད་བཞིན་ལ་ལྟ་བཞིན
ངའི་བུ་ཆེ་བ་ཁྱོད་དང་ལོ་ཚོད་མཉམ་པོར་ཡོད་ཟེར
ངས་ཚོད་ཚོད་ལ་གཤིན་རྗེའི་སྒོ་དྲུང་འགྲིམས་མཁན་དེ་རང་ཉིད་ཡིན་ན་བསམས་བྱུང

ཡུལ་ཤུལ་དུ བུ་མོ་མཚོ་མོ་ལྟ་བུའི ཨ་མ་སྐྱིད་ལོ་ལྟ་བུའི
ཡུལ་ཤུལ་དུ ཨ་ཕ་བཀྲ་ཤིས་ལྟ་བུའི ཕུ་བོ་དགེ་ལེགས་ལྟ་བུའི
ཁྱིམ་གཞིས་བྱ་སྒོང་བཞིན་བཅག་ཅིང་ཉེ་མི་མར་མེ་བཞིན་གཟིམ་ཚར་བའི
ཁྱིམ་མེད་ཀྱི་སྐྱེས་པ་དང་ཡུགས་མོ ཕ་མེད་ཀྱི་དྭ་ཕྲུག་ག་ཚོད་ཅིག་ལུས་ཡོད་ཨང

མོག་པོར་རྒྱུ་བའི་མཚན་མོའི་སྨག་རུམ་འདིས
ངའི་བསམ་གཞིག་གི་བར་སྣང་ཕྱེས་ཤིང
ཡུལ་ཤུལ་བའི་སྐྱ་ཐང་ཐང་གི་ངོ་གདོང་ཡོད་ཚད
དེ་རིང་གི་ཁངས་ཆར་ཁྲོད་ཀྱི་ཡུལ་ཤུལ་དང་འདྲ་བར
སེམས་བྱུང་ཁྲི་ཕྲག་གི་བང་རིམ་ནས་རྦབ་རྡོ་བཞིན་ཁོ་བོའི་བྲང་གཞུང་མནན་བྱུང

སྨན་ཁང་གི་གྲུ་ཟུར་ཞིག་ཏུ ཁོ་བོས་གཉོམ་དུང་ངེར
ཁྱིམ་མི་ཡོད་ཚད་གཤིན་ཡུལ་འགྲིམས་པའི་ཨ་ཅེ་སྒྲོལ་མའི་དངན་སྒྲ་ལ་ཉན་གྱིན
ད་རུང་ཡང་སྐྲ་ལོ་བཀྲུ་མི་ཉན་སྡུག་ལོངས་མེད་ཟེར་བའི
ཡུལ་ཤུལ་བའི་སྙིང་སྟོབས་དང་དད་ཞེན་མཐོང་བྱུང
ཚངས་ར་དང་སྒལ་ཚིགས་སིལ་བུར་གས་ཡོད་པའི་ནུ་བོ་དོན་གྲུབ་ཀྱི་ཞུ་ཚིག་ཕྲ་མོས
ཡང་བསྐྱར་གང་ནས་འགྱེལ་ན་དེ་ནས་ངེས་པར་དུ་ལངས་དགོས་པའི་གདམས་ངག་ཀྱང་རྙེད་བྱུང
ཡུལ་ཤུལ་བ དཔའ་རྟུལ་གྱི་ཕ་ས་ནས་དགྲ་མགོ་ཐོ་བོས་བརྡུངས་ཏེ
སྡུག་བསྔལ་གྱི་རི་རབ་གཙང་བོའི་ཕ་རོལ་དུ་སྐྱེལ་མཁན
སེམས་ལྗོངས་ཀྱི་སྨྲེང་གླུ་སྙིང་སྟོབས་ཀྱི་སྲོག་ཏུ་བསྒྱུར་མཁན
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གུས་འདུད་ཞུ
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གསོལ་འདེབས་ཞུ
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གདུང་འབོད་ཞུ

༢༠༡༠-༤-༡༨ཉིན་གྱི་དགོང་མོར་བྲིས།

གས་ཀ

སྤྱི་ལོ༢༠༡༠ལོའི་ཟླ༤པའི་ཚེས༡༤ཉིན་གྱི་ཡུལ་ཤུལ་ས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དུ།
ཅོ་རིགས་འཇམ་དཔལ་སྐྱབས།


སྙིང་རྗེ་མེད་པའི་ཚད་རིམ༧.༡ཅན་གྱི་ས་ཡོམ་དེ
ཞོགས་པའི་ཆུ་ཚོད་བརྒྱད་ལ་མ་སླེབས་གོང་འགུལ་བྱུང
སྒེའུ་ཁུང་གི་དྲ་ཡོལ་ཕར་མ་ཕྱེས་གོང་འགུལ་བྱུང
ཞག་གང་བོའི་རྨི་ལམ་གྱི་གཙང་བོ་བརྒལ་མ་ཐག་འགུལ་བྱུང

གློ་བུར་གློ་བུར་དུ སྐད་ཅིག་སྐད་ཅིག་ལ
ཚེ་སྲོག་མང་བོ་ཞིག་གི་སྒྲོན་མེ་ལ་ཕུ་བཏབས་པ་ལྟར་ནུབ་ཚར
ཡུལ་ཤུལ་གྱི་མི་བུ་མང་བོ་ཞིག་མིག་ལམ་ནས་སྟོངས་ཚར
སུས་ཀྱང་བཟློག་ཐབས་བྲལ་བའི་རང་བྱུང་ཁམས་ཀྱི་འཇབ་རྒོལ་འདིས
སྟོངས་ཤིང་ཡལ་མ་ཐག་པའི་ཕ་དང་མ
ཡལ་ཤིང་སྟོངས་མ་ཐག་པའི་བུ་དང་ཚ་བོ་མང་བོ་ཞིག
མི་སྡུག་པའི་ཁྲག་གི་རྐྱེན་ལམ་དུ་བརྫངས
ད་ལྟ སྐྱེ་དགུ་རྩྭ་ཐང་གི་ལྗང་ལོ་གསར་བ་ཞིག་གི་རྩེ་ལ་ཁྲག་ཐིགས་འཛུམ

སེ་གོལ་གཅིག་གི་ཡུན་ལ་བསམ་དབང་དྲན་དབང་མེད་པར
ཨ་མའི་སེམས་རྟེན་དང་ཕུ་བོའི་དཔུང་རོགས་ཤོར་ཞིང
བོད་ཡུལ་གྱི་གྲུ་ཟུར་ཞིག་ལ་ཆག་འཇིག་གི་བརྡབ་གསིག་རབ་ཏུ་གཡོས
ད་ལྟ ཡུལ་ཤུལ་གྱི་ཆུ་མིག་དྭངས་མོ་ཞིག་གི་ནང་དུ་མཆི་མ་འཐོར

སྡུག་བསྔལ་གྱི་ཁ་བ་སེམས་ལ་སྤུངས་ཤིང
སྐྱོ་གར་གྱི་གཏམ་རྒྱུད་མི་ཡུལ་ལ་བཞག་པའི་ཉི་མ་ནག་པོ་འདི་ལ
བུ་མོ་ཞིག་གི་མིག་གི་ཆ་ག་ཉམས་སོང
སྦྲང་མ་ཞིག་གི་ལུས་ཀྱི་ཐིག་ལེ་འགྱུར་སོང
དཔྱིད་ཚིགས་ཤིག་ལ་འབྲི་མོ་གློ་བུར་དུ་ངུར
ད་ལྟ ཡུལ་ཤུལ་གྱི་གང་ས་གང་དུ་རྣམ་ཤེས་ཀྱི་བུ་ཡུག་འཚུབ


ངུ་ངག་གིས་གནམ་ས་བསྲེས་དུས
སྨུག་ལོང་གིས་རི་ལུང་ཁེབས་དུས
མཛའ་བརྩེའི་ཁྲག་རྒྱུན་ཞིག་བཞུར་ནས
ཕ་ལ་ཕྱིར་མིག་ཅིག་བསྲིངས་ནས
བར་སྣང་ལ་ས་རྡུལ་གྱི་མེ་སྟག་དམར་འཚུབ་སེ
ས་སྒང་གི་སྒལ་གཞུང་ན་སེན་འབྲེད་ཀྱི་ཤུར་མོ་བཀྲ

ཨ་མ་བོར་བའི་བྱིས་པ་མང་བོ་ཞིག
བུ་ཆུང་ཤོར་བའི་ཨ་ཕ་མང་བོ་ཞིག
ཟུག་གཟེར་རྒྱག་པའི་དབང་བོ་སྐྱོན་ཅན་མང་བོ་ཞིག
ཁྱིམ་ཚང་བརླགས་པའི་དབུལ་ཕོངས་བ་མང་བོ་ཞིག
འཕྲོ་རིམ་འཕྲོར སྐྱོ་གར་གྱི་ལོ་རྒྱུས་གསེང་ལ་འབྱོར་བྱུང
ད་ལྟ ལྕགས་སྐུད་དང་ཨར་འདམ་གྱི་འོག་ཏུ་མི་སྲོག་མང་བོ་ཞིག་ཁ་སྦུབས་སུ་བསྒྱེལ

སློབ་མ་མང་བོ་ཞིག་མཉམ་གཅིག་ཏུ་རྒྱང་ལ་ཡལ
ཐོག་ཁང་མང་བོ་ཞིག་དུས་གཅིག་ལ་རྡུལ་དུ་བརླགས
ལྷ་ཁང་མང་བོ་ཞིག་ཀྱང་གཞི་གཅིག་ཏུ་ས་ལ་འགྱེལ
ད་དུང ཚུལ་ཁྲིམས་གཙང་བའི་ཆོས་ལུགས་པ་མང་བོ་ཞིག་ཀྱང་ལྔ་ལམ་དུ་བསྐྱལ
མཚམས་འདི་ལ་ངས་ཕ་ཡུལ་དྲན་ན
དུས་འདི་ལ་ངས་ཨ་ཅེ་དྲན་ན
ལྷག་ཏུ ངས་དགེ་འདུན་པ་དག་དྲན་ན
འགྱོད་གདུང་གི་ཚོར་བ་འཁྱག་པ་ཆུ་དང་འདྲ
དུས་སྐད་ཅིག་མའི་ས་འགུལ་དེ་ཇི་འདྲའི་བཟོད་པར་དཀའ་ཨང

རྫ་སྐྱེ་དགུ སེམས་པ་མ་སྐྱོ
ལྷ་སྒྲུང་གི་རྩེད་ར་དང་འདྲ་བའི འཇིག་རྟེན་འདིའི
རྡོ་ལེབ་འོག་གི་གྲོག་ཚང་དང་འདྲ་བའི་འཚོ་ཐབས་རེ་རེ་ནི
མ་གཞི་ནས་བྱིས་དུས་ཀྱི་རྩེད་རྡོ་རེ་རེ་དང་འདྲ
རང་བྱུང་ཁམས་ཀྱི་ས་འགུལ་གྱི་འཇིག་པ་འདི་ལས
མི་མང་བོ་ཞིག་གི་འཚོ་སྡོད་ཀྱི་ནམ་མཁའ་ལ་གས་ཀ་ཤོར

ཡུལ་ཤུལ ཐེངས་འདིའི་ས་འགུལ་གྱི་གནོད་འཚེ་ལས
ཁྱེད་ཀྱི་བྲང་གཞུང་དུ་སོས་ཐབས་མེད་པའི་རྨ་ཁ་བརྐོས་ན་ཡང
ཁྱེད་ཀྱི་སྙིང་ཁོངས་ལ་རྫོགས་རྒྱུ་མེད་པའི་སྡུག་བསྔལ་བཞག་ན་ཡང
ཕམ་སེམས་མ་སྐྱེས རང་སེམས་མ་སྐྱོ
དེ་ནི་མིའི་རིགས་ཀྱི་རྨ་ཁ་དང་མི་རིགས་ཀྱི་ཕམ་ཁ་ཆེན་པོ་ཡིན་པས
ང་ཚོས་མཉམ་དུ་འཐབ་འཛིང་གི་སང་ཉིན་ལ
འོད་སྟོང་གི་དབུ་ཁྱུད་སླར་ཡང་འབྲི

ངའི་སྙིང་དང་འདྲ་བའི་ཡུལ་ཤུལ སེམས་པ་མ་སྐྱོ
ཁྱེད་ཀྱི་སྡུག་སྨྲེ་ལ་མིའི་རིགས་ཀྱི་ཕྱག་འཇུ་ཡོད
ཁྱེད་ཀྱི་ཡོད་ཚད་ལ་མང་མང་གིས་སྟོབས་ཤུགས་བཙིར
ཁྱེད་ཀྱི་གོད་ཆག་ནི་འུ་ཅག་ཐུན་མོང་གི་གོད་ཆག་ཡིན་པས
ཁྱེད་ཀྱི་ངོ་གདོང་བརྒྱུད་དེ་བར་མེད་དུ་བཞུར་བའི་མིག་ཆུ་དེ མི་རིགས་ཀྱི་བྲང་གཞུང་བརྟོལ་ཏེ་སེམས་ཁོངས་ན་ཡུལ་ཆུ་ལྟར་བཞུར་གྱིན་འདུག
ད་དུང སྙན་ངག་པའི་ཟུངས་ཁྲག་དང་མཉམ་དུ་སྨྱུག་རྩེ་ན་འབབ་ཀྱིན་འདུག

ཟླ༤པའི་ཚེས༡༦ཉིན་ཀླུ་ཆུའི་སྐྱ་ཚང་དུ་བྲིས།