Wednesday, April 28, 2010

ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་ཚོར་སེམས་གསོར་ཕུལ་བའི་སྙན་ངག

སྐྱབས་ཆེན་བདེ་གྲོལ།

མི་རྟག་སྒྱུ་མའི་བུ་མོ་དེས།།
འདོད་ཡོན་སྲིད་པའི་གོས་བཀླུབས་ནས།།
ཡོད་ཡོད་འདྲ་བའི་གར་འཁྲབ་པ།།
འཁོར་བའི་རང་བཞིན་ཡིན་ཞེས་པ།།
མེས་པོ་དམ་པའི་གསུང་མིན་ནམ།།
རྒྱུ་ནོམ་བྱེ་མའི་ཆིངས་བུ་དེས།།
རིན་ཆེན་སྣ་ལྔའི་མདངས་བཟུང་ནས།།
ཕུན་སུམ་ཚོགས་པའི་དོན་འཛིན་པ།།
སྣང་བའི་སྤྲུལ་སྒྱུར་ཡིན་ཟེར་བ།།
མགོ་ནག་བོད་པའི་དཔེ་མིན་ནམ།།
གཉེན་ཉེ་གློག་གི་ལུས་ཅན་དེས།།
ཡུད་ཡུད་ཅིག་ལ་མིག་བསྒྱུར་ཅིང་།།
སྐབས་སྐབས་ཤིག་ལ་ཡིད་བསླུ་བ།།
འདུ་བྲལ་ཆོས་ཉིད་དུ་འཛིན་པ།།
དམ་པའི་ཆོས་ཀྱི་སྲོལ་མིན་ནམ།།


སེམས་ཀྱིས་དེ་ལྟར་ཤེས་ན་འང་།།
སྡུག་གི་ན་བུན་ཁོག་མིན་པ།།
བྲང་ལ་འཐིབས་པའི་སྐད་ཅིག་མར།།
གངས་དཀར་ཞི་བའི་མཆེ་བ་ཅན།།
སྲིད་པ་གསུམ་གྱི་རྩེར་གཟེངས་པའི།།
མི་ཞེས་བྱ་བའི་ལྷ་བོ་ཆེས།།
བརྩེ་བའི་ལག་ཟུང་མཐར་བརྐྱངས་ཏེ།།
ཁྱོད་ཀྱི་སྙིང་ཁའི་པད་གདན་ནས།།
འཐོར་བའི་གེ་སར་ཕྱིར་བཏུ་ཞིང་།།
ཁྱོད་ཀྱི་སེམས་ཀྱི་ཁང་བཟང་ནས།།
གཟིམས་པའི་སྒྲོན་མེ་ཕྱིར་བསྒྲོན་ཡོང་།།


མིག་ཆུ་ཕྱིས་ཤིག་ཇོ་ཇོ་ལགས།།
ངུ་མཚམས་ཞོག་ཅིག་ནུ་མོ་ལགས།།
སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱིས།།
མཁའ་རུ་བརྩིགས་པའི་བསང་ཁྲི་ཡོད།།
བར་ཕྱོགས་དབུས་གཙང་རུ་བཞི་ཡིས།།
ཕྱོགས་མཐར་ཐེན་པའི་དར་ལྕོག་ཡོད།།
སྨད་ཕྱོགས་མདོ་ཁམས་སྒང་དྲུག་གིས།།
མཐོ་རུ་སྤུར་བའི་རླུང་རྟ་ཡོད།།
ས་དགེ་ཀར་རྙིང་ཐམས་ཅད་ཀྱིས།།
མཉམ་པོར་གསུང་བའི་བསྔོ་སྨོན་ཡོད།།
རོང་འབྲོག་ཕུ་ནུ་ནང་འགྲིག་པས།།
ལྷན་དུ་བསྒྲོན་པའི་མར་མེ་ཡོད།།
བུ་ཆུང་བདག་དང་བདག་འདྲ་བས།།
སེམས་ཀྱིས་བྲིས་པའི་སྙན་ངག་ཡོད།།


འགྲོ་བ་མི་ཡི་རྩོད་ཉོག་ལ།།
ཟད་པའི་མཚམས་ནི་མེད་པའི་བར།།
རང་བྱུང་འཇིགས་པའང་ཆད་མེད་དེ།།
སྐྱེ་རྒ་ན་འཆིའི་སྲད་བུ་ལ།།
བརྒྱུས་པའི་སྲོག་གི་བྱུར་ཆུང་འདི།།
བདག་མོའི་མཛེས་རྒྱན་ལས་ཤོར་ནས།།
བསྐལ་བའི་ཕུག་པར་ལྟུང་བ་ཉིད།།
སླར་ཡང་འཚོལ་ལ་ངལ་བ་ལྟར།།
སུ་ཡང་སྲིད་པའི་ཐང་ཆེན་ན།།
མགོ་བོ་འཁོར་བའི་རི་དྭགས་བཞིན།།
དེ་ལྟའི་གནས་ལུགས་ཟབ་མོ་ཡིས།།
འཚོ་བའི་སྲོག་སྙིང་གཏན་ཟིན་ཏེ།།
འཇིགས་པ་མེད་པའི་བློ་སྤོབས་ཀྱིས།།
སྐྱེ་རྒུ་མདོ་ལ་བཀྲ་ཤིས་སྩོལ།།

༢༠༡༠ལོའི་ཟླ༤པའི་ཚེས༢༨ཉིན་རྨ་ཆུ་ནས་སུག་བྲིས་སུ་བགྱིས་པའོ།།

གློ་མཆིན་པའི་སྟེང་འོག་བརྗེ་བྱུང་།

ལྷ་ཆབ་སྦྱིན་པ།

ཁྱོད་ནི་རྨི་ལམ་འཇིགས་སུ་རུང་བ་ཞིག་ཡིན་ནམ
ཁྱོད་ནི་སྐད་ཅིག་མ་ཁྲག་ཁྲིག་གི་གཤེད་མ་ཡིན་ནམ
ངས་ཁྱོད་ཀྱི་རྐང་རྗེས་དེ་རྒྱང་རིང་དུ་མཐོང་ནའང
དོན་དམ་པས་བདག་གི་སྙིང་དང་རུས་ལ་དཔར་ཡོད

ཁྱོད་ཡོམ་ཡོམ་གྱིས་འོང་ཚུལ་ནི་སྒེག་འགྲོས་ཤིག་ཡིན་ཡང
ཁྱོད་སོང་ཤུལ་ནི་ཅི་འདྲའི་གདུག་རྩུབ་ཀྱི་གྲོག་རོང་ཞིག་རེད་ཨང
བདག་གི་གཤེད་མ་ལགས ཁྱོད་ཡོང་ས་ནོར་རམ་ཅི
འཛམ་གླིང་གི་ཞི་བདེར་དགའ་བའི་བདག་གི་ཕུ་ནུ་སྤུན་ཟླས
ཁྱོད་ལ་གཏུམ་དྲག་སློང་བྱེད་ཀྱི་རྒྱུ་འབྲས་ག་རེ་རྣོག་སོང

ཁྱོད་ཀྱི་ངང་ཚུལ་དེས་བདག་གི་གློ་སྙིང་གི་སྟེང་འོག་བརྗེ་སོང
ཁྱོད་ཀྱི་གདུག་རྩུབ་དེས་བདག་གི་མི་རབས་ལ་གྱོང་གུད་བཟོས་སོང
མི་མངོན་པའི་ཚུལ་གྱིས་སླེབས་ནས་བདག་གི་ཕུ་ནུའི་སྲོག་རྩར་འཐམ་པའི་ཁྱོད
དོན་དམ་པའི་སྟེས་དབང་གི་གོད་ཆག་ཅིག་ཅི་ལ་མིན་ཨང

ཡིན་ནའང གཉོམ་དུང་དུང་གི་བདག་གི་ཕུ་ནུས
དུས་གཏན་ཏུ་ཁྱོད་ལ་མགོ་མི་སྒུར

ཞེས་པ་འདི་བོད་མདོ་ཁམས་ཡུལ་ཤུལ་ལ་ས་ཡོམ་བརྒྱབས་ནས་བདུན་ཚིགས་གཉིས་འགོར་བའི་མཚམས་སུ་མྱ་ངན་གྱི་ཆེད་དུ་གྱི་ན་བ་ལྷ་ཆབ་སྦྱིན་པས་གནས་མཆོག་རྡ་ས་ནས་གདུང་སེམས་དྲག་པོས་བྲིས་པའོ།།