Wednesday, April 21, 2010

སྙིང་ནས་བརྟོལ་བའི་བསྔོ་སྨོན།

གངས་རིའི་གླིང་བུ།

བགྲང་མེད་ལོ་ཟླར་གོ་ལོའི་གཞི་ཁྱིམ་དུ་འཚོལ་ཞིང་།།
སེམས་དང་སེམས་པ་གོ་ལོའི་དྲོད་ཁོལ་ལ་བསྙེས་ཏེ།།
སྲིད་འདིར་འཁྲེང་བའི་ཉམ་ཐག་སྐྱེ་དགུ་ཡི་ཚོགས་ལ།།
རྩ་གསུམ་བླ་མའི་ཚོགས་ཀྱིས་ཐུགས་རྗེ་ཞིག་གཟིགས་རོགས།།

ལས་དབང་བཙན་པོའི་སྲོག་གི་སྙིང་རྩ་ནས་འཐམ་ཞིང་།།
སྐྱོ་གདུང་མཆི་མས་སྙིང་གི་ཞེ་རྩ་ནས་བརླན་ཏེ།།
མུན་ནག་གཤིན་རྗེའི་ཡུལ་དུ་ཁེར་རྐྱང་དུ་འགྲིམ་པའི།།
ཉམ་ཐག་སྐྱེ་དགུ་ཚོགས་ལ་ལམ་སྣ་ཞིག་འདྲེན་རོགས།།

ཕ་མ་ཉེ་རིང་རང་ཁྱིམ་དྲོད་མོ་དང་བྲལ་བས།།
དྲན་གདུང་སྡུག་གི་ན་ཟུག་རྦ་རླབས་ལྟར་འཕྱོ་ཞིང་།།
བློ་སྙིང་མཆིན་གསུམ་མཆི་མའི་འཁྱགས་རོམ་ལ་འབྱར་བའི།།
ཉམ་ཐག་སྐྱེ་དགུ་ཚོགས་ལ་དྲོད་ཁོལ་ཞིག་སྩོལ་རོགས།།

བྱམས་བརྩེའི་དྲོད་ཀྱིས་བསྐྱངས་བའི་མཛེས་སྡུག་གི་ལྡུམ་ར།།
སྐད་ཅིག་ཡུན་ལ་འབྱུང་འཇིགས་མེ་དཔུང་གིས་བསྲེགས་པས།།
མྱ་ངན་ཐང་ན་འགྲིན་པ་ངུ་འབོད་ཀྱིས་བཏགས་པའི།།
འགྲོ་ལ་རིང་མེད་དགའ་བདེའི་འོད་ཀོར་ཞིག་སྩོལ་རོགས།།

རིན་ཆེན་ཕུན་ཚོགས་དཔལ་ཡོན་དབྱུག་འཛིན་གྱི་སྲོག་ལ།།
མདའ་མདུང་མཚོན་ཆས་རྒོལ་བའི་ངན་ལས་ལ་ཞུགས་ཞིང་།།
ཡ་རབས་ལྷ་ཆོས་མི་ཆོས་རྡོག་རྫིས་སུ་བཏང་བས།།
འགྲོ་བ་འདི་དག་མུན་པའི་བཙོན་ཁང་འདིར་བཅུགས་སོང་།།

འདོད་རྔམ་སྲེད་པའི་ཆུ་བོ་ལྷོག་ལྷོག་ཏུ་འཕྱུར་ཞིང་།།
བྱམས་དང་བརྩེ་བའི་དྲོད་ཁོལ་རྒྱང་རིང་དུ་དབྱུགས་ཏེ།།
འབངས་མིའི་རྔུལ་ཁྲག་འབྱིན་པའི་ཀླ་ཀློ་ཡི་དཔུང་ལ།།
མཐུ་ལྡན་སྲུང་མས་ཁྲིམས་ཆད་ནན་མོ་ཞིག་གཅོད་རོགས།།

བདག་གཞན་དུས་གསུམ་བསགས་པའི་རྣམ་དཀར་གྱི་དགེ་རྩས།།
སྡིག་ལྟུང་ཉེས་བའི་དྲི་མ་བྱང་བྱང་དུ་དག་ཏེ།།
དཀའ་སྡུག་སྐྱོ་གདུང་དབེན་པའི་གོ་འཕང་དེ་བརྙེས་ནས།།
ཁམས་འདིར་འོད་སྣང་སྤྱིན་པའི་མི་བུ་ཞིག་གྱུར་ཅིག།།

ཀྱེ་མ་ཀྱེ་ཧུད་ཉམ་ཐག་ཁྱོད་ཚོ་ཡི་ཕྱོགས་སུ།།
ལྷ་དང་བླ་མའི་ཐུགས་རྗེའི་སྤྱན་ཟུང་གིས་གཟིགས་ཡོད།།
གྲོགས་དང་ཉེ་བའི་བསྔོ་སྨོན་སྙིང་ཁོང་ནས་བཏབས་ཡོད།།
མ་ཕམ་མཐུ་བྱིན་འོད་ཀྱི་ལམ་བཟང་ཞིག་ཡོད་ངེས།།

༢༠༡༠ ༤ ༢༡

མིག་ཆུས་ཁེངས་པའི་ཕ་ཡུལ་སྐྱེ་རྒུ །

བསྟན་འཇམ།

འབྱུང་བཞི་བྲང་གཞོང་ས་ལ་བརྡབས་ཐེངས་རེ །
ས་རྡུལ་རླུང་ནག་མཁའ་ནས་ཤུགས་ཀྱིས་འཕྱུ །
ཐན་བྱའི་ཨག་སྐད་སྐྱེ་རྒུའི་མདོ་ལ་དྲངས །
མིག་ཆུའི་གཏམ་རྒྱུད་ཅིག་གིས་མདུན་ནས་བསུས།

ཁ་བའི་ཨ་མའི་མིག་ཆུ་བྲང་ཁར་བཞུར །
གངས་རིའི་ཨ་ཕའི་ཞེ་སྡུག་གཏེང་ནས་ལངས།
གཉེན་ཉེ་སྡུག་གིས་གྱེས་གདུང་འདི་ནས་བཞག
སྐྱེ་རྒུའི་མིག་ཆུས་འོ་དོད་བོད་དུ་བསྐྱིལ །

ཆས་སོང་སྙིང་ཉེ་ཕུ་ནུ་མིང་སྲང་ཚོ །
ཤུལ་ལས་སྡུག་གིས་གཙེས་པའི་སྤུན་ཟླ་ཚོ
ལས་དབང་བཙན་པོས་བཀའ་ཡིག་སྒྲོག་ཐེངས་རེ།
གྱེས་བྲལ་མིག་ཆུས་སྐྱེལ་མ་ཡིད་རེ་སྐྱོ །

དུ་བ་དལ་གྱིས་འཕྱུར་མཁའ་དབྱིངས་ན །
རྣམ་ཤེས་སྟོང་ཚོ་མང་པོ་ཕྱིར་མིག་ཡོད །
ལུས་སེམས་ཁ་ཁར་ཕྱེ་བའི་ཞེན་ཆག་ཡོད །
ནམ་ཡང་འཇག་ཐབས་བྲལ་བའི་མིག་ཆུ་ཡོད །

༢༠༡༠ ༤ ༢༡

མཐོ་སྒང་གི་ཡུལ་ཤུལ་བ །

གངས་ཤར།

སྙིང་སྟོབས་ཀྱིས་དཔའ་སྤོབས་ལྡན་པའི་ཡུལ་ཤུལ་བ ། །
རེ་བཞག་གི་དྲན་ཚོར་ངོགས་ཀྱི་སྐྱེ་དགུ་བ། །
དུང་སེམས་ཀྱི་ངར་ཁའི་ཁྲོད་ཀྱི་གངས་ཅན་པ ། །
མཐོང་སྒང་གི་དར་ཆ་འཛིན་པའི་ཡུལ་ཤུལ་བ ། །

མ་ཕམ་ཁྱོད་མདུན་ལ་ཅུང་ཙམ་སྤོས། །
མ་སྐྲག་ཁྱོས་སེམས་ཤུགས་ད་དུང་བསྐྱེད། །
མ་སྡུག་ཁྱོད་ཁ་བའི་ནང་མི་ཡོད། །
མ་སྐྱོ་ལགས་ཚང་མའི་དཀའ་སྡུག་ཡིན། །

གློ་བུར་གྱི་ཆག་འཇིགས་རྒོད་པོའི་མཆེ་སྡེར་འོག །
རིགས་མཐུན་གྱི་ཚེ་སྲོག་དམར་པོ་གང་ལ་ནུབ། །
མཐོང་སྒང་གི་ཡུལ་ཤུལ་མཛེས་ལྗོངས་གང་ལ་བརྫངས། །
སྐྱོ་གདུང་གི་སྨྲེ་ངག་འདི་དག་སུ་ཡིས་བྱིན ། །

དྲན་པའི་འདས་པོ་ཚོ་མི་མཐོང་ཐག་རིང་རེད ། །
གསོན་པའི་གཉེན་ཉེ་ཚོ་ཤུལ་གྱི་བདག་པོ་རེད། །
གན་དང་འདི་འདྲ་ཞེས་གཏད་སོ་ཡོད་པར་མཛོད། །
མི་ཡི་ཡུལ་ལུང་འདིར་ང་ཚོ་མཉམ་དུ་མཆི། །

མགོ་བཅགས་ཀླད་རྡིབ།

4.14སྐྱེ་དགུའི་ས་ཡོམ་ཁྲོད་འདས་པའི་སྤུན་ཟླ་རྣམས་ལ་སེམས་ཁོང་ནས་མྱ་ངན་ཞུ།
མོག་ཆུང་བསོད་ཁོ།

སྤྱི་ཟླ་བཞི་བའི་ཚེས་པ་བཅུ་བཞི་སྟེ།།
ཉི་ཟླ་གཟའ་སྐར་ནག་པའི་ཞོགས་པ་དེ།།
སྲིད་པའི་འཁོར་ལོ་སྐལ་བརྒྱའི་མཐར་སླེབས་ཀྱང༌།།
ཕྱི་རབས་མི་ཡིས་ཅི་ལྟར་བརྗེད་པར་ངེས།།

དཀོན་མཆོག་གསུམ་གྱི་ཐུགས་ནས་ཀློད་འདྲ་བའི།།
མི་འདོད་དུས་མིན་འཆི་བའི་འཇིག་པ་ཞིག།
རྨི་ལམ་མ་ཡིན་ད་ནི་མངོན་སུམ་གྱིས།།
ཉམས་ཆུང་སྐྱེ་དགུ་བ་ཡི་སྟེང་ལ་བབས།།

ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང༌།།
ཚད་རིམ་བདུན་ཚེག་གཅིག་གི་ས་ཡོམ་དེས།།
ཚེ་སྲོག་མང་པོ་ཞགས་སྒྲོན་སྣུམ་ཚད་བཞིན།།
སྐད་ཅིག་ཉིད་ལ་སྣང་བའི་ཡུལ་ལས་སྟོངས།།

རྡོ་དང་ཨར་འདམ་ཉིལ་པའི་བར་གསེང་ན།།
མགོ་བཅགས་ཀླད་རྡིབ་ཅན་གྱི་བེམ་པོ་དང༌།།
བཟོད་མེད་ཟུག་གཟེར་ཅན་པའི་རྨས་མ་ཡི།།
སྲོག་སྐྱོབ་མིག་ཟུང་ཅེར་བའི་ཚུལ་འདི་སྡུག།

མ་ཤི་མངོན་སུམ་དམྱལ་བར་ཕྱིན་པ་སྟེ།།
མི་འདོད་རྐྱེན་ལས་ཐར་བའི་བྱིས་པ་འགའ།།
ཕ་མའི་བེམ་པོར་འཐམ་ཏེ་ངུ་ཞིང་འབོད།།
ད་དུང་གསོན་པར་རེ་བའི་ཚུལ་འདི་སྡུག།

བདག་གི་བུ་དང་བདག་གི་ཕ་མ་ཞེས།།
ངུ་སྔངས་དང་བཅས་ས་རྡོ་ཕར་སློག་ན།།
ཤ་རྡུང་རུས་ཆག་བྱས་པའི་བེམ་པོ་རེ།།
འདྲེན་བྱེད་ཡུལ་དུ་འགྱུར་བའི་ཚུལ་འདི་སྡུག།

མདང་ནུབ་ད་དུང་དགའ་དགའ་སྤྲོ་སྤྲོའི་ངང༌།།
གཞིས་ཁྱིམ་གཅིག་ལ་འཛོམས་པའི་མིང་སྲིང་དག།
སེ་གོལ་གཅིག་གི་ཡུན་ལ་འཆི་བདག་གིས།།
འདི་ཕྱི་གཉིས་སུ་དབྱེ་བའི་ཚུལ་འདི་སྡུག།

བུ་ཕྲུག་བོར་བའི་ཕ་མའི་ལག་བརྟེན་ཆག།
ཕ་མ་བསད་པའི་བུ་ཡི་མིག་ཆུ་སྐམ།།
ཁྱོ་ཀ་བསད་པའི་ཡུགས་སའི་མགྲིན་པ་བརྣངས།།
རང་བྱུང་གནོད་འཚེ་སུ་ཡིས་ལྡོག་པར་ནུས༌།།

མ་རུང་འཆི་བདག་གཞན་དུ་ཕྱིན་ཡང་རུང༌།།
བུ་ཕྲུག་བསད་པའི་ཕ་མར་སེམས་གསོ་དང༌།།
ཕ་མ་འདས་པའི་བུ་ལ་གཉོར་སྐྱོང་སོགས།།
དཀའ་བའི་ལས་དེ་ད་ནི་སུ་ཡིས་བྱེད།།

འཇིག་བརྟེན་འགྲོ་བ་མི་ཡི་ཚེ་སྲོག་དང༌།།
དངོས་སྣང་ཕུན་ཚོགས་རྒྱུ་ཡི་འབྱོར་བ་འདི།།
བྱིས་པ་བསམ་མེད་ཞིག་གི་རྩེད་རའམ།།
ལྟོག་བཏགས་ལྷ་སྒྲུང་ཞིག་དང་ཅིའི་མི་འདྲ།།

དེ་སྔའི་གླུ་དང་གར་གྱི་ཞིང་ཁམས་འདིར།།
ད་ནི་གཉེན་ཉེ་བོར་བའི་ངུ་སྐད་དང༌།།
ཀླད་ཆག་ལོང་རྡིབ་ཅན་གྱི་ཁང་རལ་ལས།།
སྐྱེ་དགུའི་མདོ་ན་ཡང་སྙིང་ཅི་ཞིག་ལྷག།

ཁྱིམ་ཚང་སྟོང་བའི་དབུལ་བོས་སྡུག་གླུ་གྱེར།།
སྤུན་ཟླ་བརླག་པའི་རོ་ཡིས་ས་གཞི་ཁེངས།།
སྲིད་པའི་ཁམས་འདིར་སྙིང་རྗེའི་བདག་པོ་ཞིག།
དོན་གྱིས་ཡོད་ན་ད་ནི་དུས་ལ་བབས།།

བཞི་གཅིག་བཞིའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་ལ་ཕུལ་བ།

འཇམ་དཔལ་རྡོ་རྗེ།

ཉི་མ་ནག་པོ་ཞིག་ཚེས
དུས་མཚུངས་སུ་ཟླ་འོད་ཀྱང་བྱེ་ཐང་ཏུ་ཤར
ཚེ་སྲོག་ལ་གྱེར་བའི་གཞས་སྐད་དེས
སའི་གོ་ལའི་ཕྱེད་ཀ་འོད་སྣང་དང
ཕྱེད་ཀ་མུན་ནག་ཡིན་པ་མཚོན

ཤོག་བུའི་ངོས་སུ་བྲིས་པའི་རི་མོ་དག
སྐད་ཅིག་སྐད་ཅིག་ཏུ་འཇིག་པས
འཇིགས་སྐྲག་གིས་བསུས་པའི་མུན་པ་མཁྲེགས་པོའི་ངོས་སུ
མིག་ཆུ་ལྟ་བུའི་སྡུག་ཡུས
སྐར་ཚོགས་ལྟར་བཀྲམ་ཡོད

དེ་རིང ས་བདག་གི་སྙིང་ཁམས་ལ་རླུང་ལྡང་བྱུང
རླུང་འཚུབ་ཀྱིས ཉི་ཟླའི་ཁྱེའུ་དག་ཁྱུར་མུད་བཏང་རྗེས
གཞན་དག་གི་སེམས་པའི་མེ་ལོང་དུ
ངེས་པར་གད་སྙིགས་སུ་བསྲེ་དགོས་པའི་མཛའ་བརྩེ་སྤུངས

མིག་ཆུ་ནི་ཆུ་ཤེལ་ལས་དྭངས་ཤིང
མིག་མདུན་གྱི་རི་རབ་དང་གཙང་བོ་སྐྱ་ཤུར་ཤུར་དུ་མཐོང
རླུང་འཚུབ་དེའི་ངོས་སུ
ཡུལ་ལྗོངས་དང་མེ་ཏོག་གི་རྨི་ལམ་འཁྱག་བསིལ་བསིལ་ཏུ་ལྡང་ཞིང
གངས་རིའི་སྙིང་དང་ཆུ་ཀླུང་གི་ཁྲག་ལས་བྱོན་པའི་བྱམས་སྙིང་རྗེ་ཡོད་ཚད
མུན་པའི་ཁ་རླངས་ཀྱིས་སྒུལ་བའི་ནགས་ཀློང་ཕྱུག་མོ་ཇི་བཞིན་ཚང་ཚིང་གཡོ

མི་རྣམས་ཀྱིས སེམས་ཀྱི་རྨ་ཁར་བབས་པའི་གོར་མའི་ཟུར་ཁ
གདུང་སེམས་ཀྱི་ངར་ལྕགས་ལ་བརྡར་ཏེ
ཞོར་དུ ཚ་དམྱལ་དང་གྲང་དམྱལ་བགྲོད་བྱེད་ཀྱི
ཟུངས་ཡིག་གི་རྐང་འབོབ་ཏུ་བསྒྱུར་ངེས

དག་ཞིང་གི་འོད་ཟེར་ཁྱེར་ཡོང་ནས
ཁྱོད་ཚོའི་རྣམ་ཤེས་ལ་བྱབས་ཁྲུས་བྱེད་ངེས

༢༠༡༠ ༠༤ ༡༩ལན་གྲུ་ནས།

ཁྱེད་དང་མཉམ་དུ་མིག་ཆུ་བཞུར།

བོད་གཞུག་སྐྱིད།

སྐད་ངག་འདར་འདར་གྱིས་ངས་ཅི་ཞིག་བརྗོད་འང
ལག་པ་འདར་འདར་གྱིས་ངས་ཅི་ཞིག་འབྲི་འང་
བེམ་པོ་གཅིག་བརྩེགས་ཉིས་བརྩེགས
མིག་ཆུ་ཆར་བ་འབབ་འབབ།
ཚེ་སྲོག་གི་གཟུངས་ཐག་ཆད་པའི་ཁམས་སྐྱེ་རྒུ་མདོ
ངའི་ཕུ་ནུ་མིང་སྲིང་ཚོས་རྨིས་ཚར་མེད་པའི་སང་ཉིན་གྱི་རྨི་ལམ་ཡོད་ཚད
གྱང་ཆག་དང་རྨ་ཁས་ཟིན་པའི་སྐྱོ་གདུང་གིས་བསྣུབས་ཉིན་ནས
ངས་ད་དུང་ཅི་ཞིག་བརྗོད་ནུས
ང་ཁྱོད་ཀྱི་འཁྲིས་སུ་ལངས་ནས་དཔུང་རྡང་གཅིག་ཏུ་ཅི་འདྲའི་སྦྲེལ་བསམ་འང
ཁྱོད་ཀྱི་མིག་ཆུ་འོ་ཡིས་ཕྱིས་ནས་
ཁྱོད་ལ་ཁྲག་གིས་ལོངས་སྤྱོད་བྱིན་ནས
མ་བུ་ངོ་འཕྲོད་ཀྱི་དགའ་བ་དེ་ཁྱོད་ལ་ཇི་འདྲའི་སྟེར་འདོད་འང་
སེམས་པ་མནར་སྡུག་དང་ལྟོགས་སྐོམ་གྱི་འཚེ་བའི་ཁྱེད་ཚོ་བསམ་ཙ་ན
ཁ་ཟས་བྲོ་བ་དབེན་ལ་གཉིད་ཀྱང་བདེ་བ་ག་ལ་ཡོད།
སྐྲག་སྣང་མ་ཡལ་བའི་ཁྱེད་ཚོའི་ངོ་གདོང་རེ་རེ
ད་དུང་ཀ་བ་མེད་པའི་ཁང་བ་ཞིག་རོ་རེ་རེ་
སྨྱན་བྱེད་ཀྱི་སྐད་སྦུག་མདུན་ནས་ཁུ་སིམ་གྱི་སྣང་བརྙན་རེ་རེ
ཡོད་ཚད་བསམ་ཞིང་བསམ་ན
ང་ཡི་སྨྲ་སྒོ་འགག་འགྲོ་འང
ད་ནི་སྡུག་གི་མཆི་མ་ལྕགས་ཀྱི་གོང་བུར་བསྒྲིལ་ནས
ང་ཚོ་ཅིས་ཀྱང་ཡར་ལ་ལངས་དགོས་ཡ
འདས་པོར་ཚོར་མ་ནི་ཡིག་དྲུག་གི་སྐྱེལ་མ་མཛད་ནས
གསོན་པོ་ཚོར་ཅིས་ཀྱང་བརྟན་པོར་འཚོ་དགོས་པའི་སྙིང་ཕུར་བརྡབས་ཏེ
མཉམ་དུ་ལག་རྡང་སྦྲེལ་ནས་མིག་ཆུ་འབྱིད།
ང་ཡི་ཡུལ་ཤུལ་བ།
ང་ཚོའི་ལུས་ཀྱི་ཁ་ཐག་རིང་ཡང་
སེམས་ཀྱི་འཕར་སྒྲ་མཉམ་པས་ཡིད་མ་ཆད
སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མཁན
ད་དུང་ང་དང་ཕུ་ནུ་མིང་སྲིང་ཡོད།

༢༠༡༠ལོའི་༤པའི་༢༡ཉིན།