Thursday, April 22, 2010

ཤོག་དང་། སྐྱེ་དགུ་མདོ།

འབྲོག་མི།

ས་ཆེན་ཁྲོས་པའི་བརྡབས་གསིག་ཐེངས་གཅིག་གིས།།
གཅེས་པའི་ཚེ་སྲོག་བར་དོའི་འཕྲང་དུ་བསྐྱལ།།
གློ་བུར་འཇིགས་པས་མནན་པའི་སྐྱེ་བོ་ཀུན།།
ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག།

རང་བྱུང་ཆག་སྒོར་སྙིང་རྗེ་མ་མཆིས་ཀྱང་།།
འགྲོ་བ་མི་ལ་བྱམས་དང་སྙིང་རྗེ་ལྡན།།
བརྩེ་བའི་མིག་དང་དུང་བའི་ཕྱག་འདི་ཡིས།།
ཁྱེད་ཀྱི་སྐྱོ་བའི་མཆི་མ་སྐེམ་པར་ཤོག།

མ་ངེས་སྐྱིད་སྡུག་གནམ་གྱི་འཁོར་ལོ་དེ།།
དེ་རིང་ཁྱེད་ཀྱི་ཐོག་ཏུ་གཡོ་མེད་བབས།།
བསགས་པའི་རྒྱུ་ནོམ་ཤོར་བ་མ་བཤད་དང་།།
ཚེ་སྲོག་རིན་ཆེན་དེ་ཡང་ཤོར་ནས་སོང་།།

མི་རྟག་ཚེ་ཡི་གནས་ལུགས་ཐེངས་གཅིག་རྙེད།།
མི་རྟག་རྒྱུ་ཡི་ངོ་བོ་ལན་གཅིག་མཐོང་།།
འོན་ཀྱང་ད་དུང་འཚོ་ཞིང་གནས་དགོས་པས།།
ཅིས་ཀྱང་སེམས་ཀྱི་རང་བཞིན་བརྟན་པར་བྱ།།

ཕ་མ་ཤོར་བའི་དྭ་ཕྲུག་སྙིང་རྗེ་བ།།
བུ་ཕྲུག་ཤོར་བའི་ཕ་མ་ཉམ་ང་བ།།
གཉེན་ཉེ་བོར་བའི་བཟའ་མི་ཐབས་ཆག་པ།།
ཀུན་ཀྱང་སྙིང་རྗེའི་ཐུགས་འདིས་སྐྱོང་བར་ཤོག།

ཆོས་ལྡན་བོད་ཀྱི་ཡུལ་ཞེས་ཡོངས་ལ་གྲག།
འཆི་ཚེ་ཆོས་ཀྱི་སེམས་གསོ་ངེས་པར་མཁོ།།
རྣམ་དག་བསྔོ་བ་སྨོན་ལམ་རྒྱ་ཆེན་འདིས།།
འདི་ཕྱི་གཉིས་ཀྱི་མི་ཀུན་ཚིམས་པར་ཤོག།

མ་བསྐུལ་བརྩེ་བའི་ཐུགས་ཀྱིས་ཡོངས་སུ་བཟུང་།།
མ་བོས་བྱམས་པའི་སེམས་ཀྱིས་ཉེ་བར་ཐོན།།
མ་མེད་དྭ་ཕྲུག་ལ་སོགས་སྐྱོབ་པ་ཡི།།
མ་ཡི་ཚབ་གྱུར་རླབས་ཆེན་མི་ཚོར་བསྔགས།།

རང་གཞན་སྐྱེ་བོ་ཀུན་གྱི་བརྩེ་བའི་སེམས།།
གཅིག་ཏུ་བསྡུས་པའི་རོགས་སྐྱོར་ཞལ་འདེབས་ཀུན།།
ཁྱེད་ཀྱི་སྐྱོ་སྡུག་སེལ་བའི་རྒྱུར་གྱུར་ནས།།
བཅོམ་ཆག་སྐྱ་ཉིལ་མལ་ནས་ལངས་བར་ཤོག།

སྡུག་འདི་ཁྱེད་དང་ངའི་མིན་ཀུན་གྱི་སྟེ།།
སྟོབས་ཤུགས་མཉམ་ཕུད་རྡོག་རྩ་གཅིག་ཏུ་བསྒྲིལ།།
རང་ནུས་ཅི་ལྕོགས་ཀུན་ཀྱང་སྲ་ཞིང་བརྟན།།
ས་མཐོའི་མི་ཡི་སྙིང་སྟོབས་སླར་ཡང་མངོན།།

སྐྱོ་སྐྱོ་མ་གནང་དགུང་སྔོན་གནམ་ཡང་སྐྱོ།།
སྡུག་སྡུག་མ་མཛད་རི་ཆུ་ལུང་གསུམ་སྡུག།
སྐྱིད་སྡུག་བསྣོལ་བའི་མི་ཡུལ་ཁམས་འདི་ནས།།
ང་ཚོ་ལག་རྡང་སྦྲེལ་ཏེ་བསྐྱོད་པར་བྱ།།

སེམས་ཀྱི་དྲོད་ཐིགས་མིག་གི་བརྩེ་མདངས་འདིས།།
འགྲོ་བའི་ཕྱག་ཟུང་སྟོང་ཕྲག་བསྣོལ་མ་འདིས།།
ཁྱེད་ལ་འཛིན་ཞིང་ཁྱེད་ཉིད་འཐེན་བྱེད་ན།།
ད་ནི་བཅོམ་ཆག་མལ་ནས་ལོངས་ཤོག་དང་།།

སྡུག་གི་ཁུར་བོ་སྡུག་པས་མི་ཐེག་ཅིང་།།
སྐྱོ་བའི་སེམས་པ་སྐྱོ་བས་མི་སངས་བས།།
བློ་ཁོག་ཡངས་ཤིང་བློ་ཁ་བརྟན་པ་ཡིས།།
ཤི་གསོན་གནས་ནས་ལོངས་དང་སྐྱེ་དགུ་མདོ།།

སྐྱེ་དགུ་ས་འགུལ་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུའོ།།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།