Friday, April 23, 2010

ལས་འབྲས་ཀྱི་མིག་ཞར་འདུག

འོད་དཀར།

འོ་དོད་ཁྲི་ཡིས་སྐྱེ་རྒུའི་སྤུན་ཟླའི་ངུ་ངག་འབུམ་གྱི་གུ་ཅོ་འདི།།
བདག་གི་སེམས་ནས་ཡལ་ཐབས་མེད་པའི་སྐྱོ་བ་གཅིག་གི་དྲན་གདུང་ཐལ།།
བལྟས་ཀྱང་མིག་གི་མི་བཟོད་འདས་བོ་ཁྲི་ཡིས་བེམ་པོ་འདི།།
བདག་གི་སྐྱེ་རྒུའི་སྤུན་གྲོགས་རྣམས་ཀྱི་ཚེ་སྲོག་འཕྲོག་པའི་དངོས་བྱུང་རེད།།

ལོ་ངོ་སྟོང་གི་བརྒྱུད་རིམ་ཁྲོད་ནས་དེ་རིང་འབྱུང་བའི་གོད་ཆག་འདིས།།
སྐྱེ་བོ་ཁྲི་ཡི་ཚེ་སྲོག་འཕྲོག་ནས་དུད་ཚང་སྟོང་གི་རིག་རྒྱུད་བཅད།།
བྱིས་པ་སྟོང་གི་གུ་ཅོ་འདོན་པའི་གཤིན་ཡུལ་སྐྱེ་རྒུའི་གྲོང་བརྡལ་དེར།།
ད་ནི་དཀོན་མཆོག་ལྷ་ཡིས་གཟིགས་དགོས་དེའི་ཕྱིར་བདག་གི་མ་ཎི་བགྲངས།།

བོད་ལ་ཡོད་པ་ནང་ཆོས་ཡིན་ཞིང་ཀུན་པོས་ཤེས་པ་མ་ཎི་ཡིན།།
དེ་རིང་མ་ཎི་ཡིག་དྲུག་འདོན་བཞིན་གདུང་ཤུགས་དྲག་པོས་གསོལ་འདེབས་བྱེད།།
བསྟན་སྲུང་རྣམས་ལ་མཐུ་རྩལ་ཡོད་ན་ད་ནི་འདོན་པའི་དུས་ཤིག་རེད།།
བདག་གི་སྤྲུན་ཟླ་ཡུལ་ཤུལ་སྐྱེ་བོ་གང་མྱུར་སྡུག་གི་གནས་ནས་སྐྱོབས།།

ཕྱོགས་ནས་ཕེབས་པའི་དགེ་འདུན་རྣམས་ཀྱི་ད་རབས་མྱུར་སྐྱོབ་མཛད་རྗེས་དེས།།
སངས་རྒྱས་བསྟན་པར་རྒྱལ་མཚན་བཙུགས་པས་ཁྱེད་ཚོར་དེ་རིང་བསྟོད་སྔགས་འབུལ།།
སྐྱེ་བོ་རྣམས་ནི་སྡུག་གིས་གདུང་དུས་སྐྱོ་བའི་གྲོགས་དེ་དགེ་འདུན་ཡིན།།
འདི་ནི་སྟོན་པ་ཤཀྱཱ་ཐུབ་པའི་སྔོན་གྱི་སྨོན་ལམ་མཐུ་སྟོབས་སྐད།།

ཐེངས་འདིར་འབྱུང་བའི་ས་འགུལ་ཁྲོད་ནས་མྱུར་སྐྱོབ་བྱས་པའི་སྤུན་གྲོགས་ཚོ།།
དཀོན་མཆོག་ལྷ་ལ་དད་པ་རྩེ་གཅིག་གསོལ་འདེབས་དྲག་པོས་སྨོན་ལམ་རྒྱོབས།།
ཚེ་འདས་རྣམས་ཀྱི་རེ་འདོད་དེ་ཡིན་གསོན་པོའི་སྡུག་ཀྱང་དེ་ཡིས་སེལ།།
དེའི་ཕྱིར་བོད་མི་གཞིས་བྱེས་གཉིས་ཀྱི་ལྷག་བསམ་གཙང་མས་ཆོས་ཞིག་བྱེད།།

སྐྱབས་མེད་མགོན་མེད་ནད་གྱིས་གདུང་བའི་དེང་གི་སྐྱེ་རྒུའི་སྐྱེ་བོ་ཚོ།།
མྱུར་དུ་ནད་ལས་སེལ་བར་མཛོད་དང་བོད་ཀྱི་སྲུང་མ་མཐུ་རྩལ་ཅན།།
དགོས་པའི་དུས་འདིར་རྟགས་ཙམ་མེད་པའི་ས་བདག་གཞི་བདག་གཟུགས་མེད་རྣམས།།
མ་གཡེལ་མ་གཡེལ་མྱུར་དུ་སོང་ལ་བོད་ཀྱི་སྐྱེ་རྒུའི་སྐྱེ་བོ་སྐྱོབས།།

ད་ནི་སངས་རྒྱས་བསྟན་པའི་བཀའ་ལུང་ཁྱེད་ཚོའི་མགོ་ལ་བབ་ནས་ཡོད།།
རང་རང་ནུས་དང་མཐུ་རྩལ་མངོན་ནས་སྐྱེ་བོ་རྣམས་ཀྱི་སྡོང་གྲོགས་མཛོད།།
སྟོང་བའི་དབྱིངས་ནས་གཡེལ་སྟེ་སྡོད་ན་ཁྱོད་ཚོས་སྔོན་གྱི་ཁས་བླངས་ལྟར།།
རང་རང་མཐུ་དང་ནུས་རྩལ་ཉམས་དགོས་འདི་ནི་ཁྱོད་ཚོའི་དམ་བཅར་སྐད།།

ལོ་ཟླ་ནག་པོ་མཇུག་བསྡུས་མེད་པར་དེ་རིང་འབྱུང་བའི་གོད་ཆག་བྱུང་།།
སྐྱེ་བོ་འདི་ཚོས་ལས་འབྲས་གཉིས་ལ་ཕོག་ཐུག་གང་ཞིག་བཏང་ནས་ཐལ།།
བལྟས་བལྟས་མིག་གི་ཡ་མཚན་འདི་དག་སེམས་ཀྱི་ངོས་ནས་འགྲེལ་བརྗོད་དཀའ།།
དེའི་ཕྱིར་དེ་རིང་བདག་གི་འདི་ནས་ལས་འབྲས་གཉིས་ལ་འཁང་ར་བྱེད།།

བྱིས་པ་དམར་རྗེན་གསོན་པོར་མི་འཇོག་ཁྱོད་འདི་ཇི་འདྲའི་གདུགས་རྩུབ་ཆེ།།
མ་ཎི་འཁོར་ལོ་ཤུལ་ནས་མི་ལྷག་ཁྱོད་འདི་ཇི་འདྲའི་འཇིགས་སྐྲག་ཆེ།།
ཁྱིམ་ཚང་ནང་མི་ཁ་འཐོར་གཏོང་བ་ཁྱོད་འདི་ཇི་འདྲའི་བསམ་ངན་ཞིག།
གདོང་དམར་བོད་པའི་རིག་རྒྱུད་གཅོད་པ་ཁྱོད་ཇི་འདྲའི་ལྟས་ངན་ཞིག།

བོད་ཀྱི་མི་རིགས་གྲངས་འབོར་ཉུང་མོད་ད་རུང་འབྱུང་བའི་གྱོང་གུད་འདི།།
ལས་དབང་གཉིས་ཀྱི་མིག་དེ་ཞར་ནས་བོད་ཀྱི་མགོ་ལ་བབ་ནས་ཐལ།།
མདོ་དོན་བོད་ཀྱི་སྐྱེ་བོ་རྣམས་ཀྱི་ཁྱེད་ལ་ཆད་པའི་ནག་ཉེས་དག།
བདག་ལ་ཐོངས་ཤིག་ང་ཡི་སྤུན་ཟླ་གསོན་པོར་ཞོག་ཅེས་ཁོ་བའི་སྒྲོགས།།

ཡུལ་ཤུལ་སྤུན་གྲོགས་རྣམས་ལ་མྱ་ངན་གྱི་ཚུལ་དུ་འོད་དཀར་ནས་བྲིས།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།