Friday, April 23, 2010

ས་ཡོམ་རྗེས་ཀྱི་སྐད་ཆ་ཚིག་གསུམ།

འབའ་གངས་ཆར།

གནམ་གྱི་རྒྱལ་མོའི་བཀའ་ཡིག་ཡིན་ནམ།།
ས་གཞིའི་གདོན་གྱི་འཁུ་འཁྲིགས་ཨེ་ཡིན།།
གློ་བ་གློ་བུར་ཉེས་མེད་འགྲོ་ལ།།
གནམ་གྱི་ཆ་ཞིག་བརྡིབས་ནས་བུད་སོང་།།

མཐོང་ན་མིག་གིས་བཟོད་ཐབས་བྲལ་ཞིང་།།
བསམ་ན་སེམས་ཀྱང་འགས་པར་བྱེད་པ།།
ས་གཞི་བདུད་མོའི་སོ་ཞོས་འཆོས་པའི།།
གནས་དེ་མཐོང་ན་མཆི་མ་འགྲིལ་འོང་།།

ཉེས་མེད་ཉམ་ཆུང་རང་རིགས་མགོ་ལ།།
བཟོད་མེད་སྡུག་བསྔལ་གཅིག་ཐོག་གཉིས་བརྩེགས།།
ཚུལ་འདི་མཐོང་བའི་མགོན་ཞིག་ཡོད་ན།།
ད་ནི་སྐྱོབ་དགོས་བྱུང་རན་འདུག་གོ།

ཀྱེ་མ་རོ་ཡི་རི་ཞིག་བརྩིགས་ཤིང་།།
ངུད་མོའི་སྒྲ་དང་ཆོབ་སྒྲའི་གསེབ་ན།།
རྣ་ཐོས་ཁྲོད་ཀྱི་དམྱལ་བའི་སེམས་ཅན།།
མངོན་སུམ་ཡུལ་འདིར་ས་ཁར་བུད་འདུག།

ཟོལ་དང་སེམས་ཀྱི་གཏིང་ནས་སྐྱོ་མཁན།།
དངོས་ཤུགས་གཉིས་ན་མང་ཙམ་འདུག་གི།
དོན་དམ་སེམས་ཀྱི་གཏིང་ལ་ན་མཁན།།
མི་ཡུལ་འདི་ན་ག་ཙམ་འདུག་གམ།།

ད་ནི་སྐྱོབ་པའི་ལྷ་ཞིག་ཕར་ཞོག།
མི་ཡིས་མཐོང་ཡང་མིག་ཆུ་འཆོར་ན།།
འོད་གསལ་དབྱིངས་ན་ཞི་བར་གཟིམས་པའི།།
བག་ཕེབས་རྨི་ལམ་རྨི་ཚད་འཇོག་རན།།

བཙན་དང་སྒྲིག་གིས་དེད་ནས་འོང་བའི།།
མྱུར་སྐྱོབ་མཁན་པོ་རྣམ་པ་སྣ་ཚོགས།།
གཙོ་བདག་མདུན་ནས་ཚུལ་འཆོས་བྱེད་པའི།།
ཚུལ་འདི་ཐོས་ན་སྙིང་རྩ་འདར་འོང་།།

རིགས་ཞེན་སྙིང་རྗེས་བསྐུལ་ནས་ཕེབས་པའི།།
རང་མི་སྤུན་ཟླའི་དཔུང་རྡང་སྦྲེལ་ཏེ།།
འཛེམས་མེད་མྱུར་སྐྱོབ་བྱེད་པའི་ངང་ཚུལ།།
ཐོས་ན་སྙིང་ཁམས་ཁད་ཀྱིས་བཟི་འགྲོ།

དྲ་དང་བརྙན་འཕྲིན་སྐུད་སྣེ་རེ་ན།།
བལྟ་དང་ཉན་མཁན་ཁྲི་མ་འབུམ་ཕྲག།
སྐྱོ་སྡུག་ཁུར་བོས་མནན་པའི་འོག་ན།།
གདོང་གི་མིག་ཆུ་སེམས་ལ་འཁྱིལ་ཡོད།།

ཨ་མའི་བུ་རྒོད་གངས་རིའི་བོད་པ།།
སྡུག་ཀྱང་མཆི་མ་ཁོང་ལ་མིད་ནས།།
སྙིང་ལ་རུས་པ་བསྐྱེད་རེ་རན་ན།།
ཨམ་གཙིགས་བསྡམས་ནས་ཡར་ལ་ལོངས་ཤིག།


ཆོལ་གསུམ་ཡུལ་གྱི་ཁྲི་སྡེ་བཅུ་གསུམ།།
ནམ་ཡང་གཅིག་སེམས་གཅིག་ལ་བསྙེས་ཡོད།།
ཕན་ཚུན་སྐྱོ་སྡུག་འཁུར་རོགས་ཡིན་པས།།
ཁམས་པའི་བུ་རྒོད་ཞེ་རྩ་མ་ལྷོད།།

༢༠༡༠.༤.༢༡ལ་བྲིས།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།