Monday, April 19, 2010

ཡུལ་ཤུལ་ས་འགུལ་ལ་བྲིས་པའི་སེམས་ཀྱི་སྙན་ངག

བོང་སྟག་རི་ལུ།

སྤྱི་ཟླ་བཞི་བའི་ཚེས་པ་བཅུ་བཞི་ཉི་མ་ནག་ཅིང་ཟླ་བ་གནག །
ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་ཆེན་པོ་བོད་ལ་ཐོན། །
ཁང་བརྩེགས་རབ་དང་རིམ་པ་ལོག་སྟེ་ཚེ་སྲོག་ཆེ་མ་ཆུང་གསུམ་བཅོམ། །
ཚེ་སྲོག་ཆེ་མ་ཆུང་གསུམ་བཅོམ་པས་སྡུག་བསྔལ་རབ་དང་རིམ་པ་བྱུང་། །

ཕ་མ་བོར་བའི་དྭ་ཕྲུག་མང་པོའི་ངུ་འབོད་སྐད་ཀྱིས་གནམ་ས་འགེངས། །
བུ་ཕྲུག་བོར་བའི་ཕ་མ་མང་པོ་བྲེལ་འཚུབ་སེམས་ཀྱིས་ག་སར་བརྒྱུག།
མདང་ནུབ་མལ་ས་གཅིག་ན་བདེ་བའི་ཕ་བུའི་རྨི་ལམ་ཞིམ་པོ་དེ། །
ད་ནི་གློ་བུར་སོ་སོར་ཁྱེར་ནས་འདི་ཕྱི་གཉིས་ཀྱི་མཚམས་ལ་བསྐྱལ། །

བདག་གི་ཕ་ནི་འདི་ན་མི་འདུག་བདག་གི་མ་ནི་འདི་ན་འདུག །
བདག་གི་མ་ནི་འདི་ན་མི་འདུག་བདག་གི་ཕ་ནི་དེ་ན་འདུག །
ས་དང་རྡོ་བ་རེ་རེ་སློག་དུས་ཤི་མ་གསོན་གྱི་བེམ་པོ་རེ། །
ཤ་དང་རུས་པ་བར་མེད་བརྡུངས་ཏེ་དམར་པོ་ཁྲག་གིས་སྦགས་པ་མཐོང་། །

དེ་དུས་བདག་གི་ཡ་ཆུང་སེམས་ཀྱིས་འདི་ནི་རྨི་ལམ་ཨེ་ཡིན་བསམ། །
དེ་དུས་བདག་གི་ཁྲ་ཆུང་མིག་གིས་དེ་ནི་མངོན་སུམ་ཨེ་ཡིན་བསམ། །
དེ་དུས་བདག་གི་དར་ལུང་རྣ་བས་ད་དུང་བདག་ལ་ཅོ་འདྲི་བྱེད། །
ཐོས་ཡང་ཐོས་ལ་མཐོང་ཡང་མཐོང་ལ་བདེན་ཡང་བདེན་པ་འདི་སྐྱོ་ཨང་། །

རྒུད་སྐྱོབ་མི་ནི་སྨན་དང་བཅས་ཏེ་ཕྱོགས་དང་ཕྱོགས་ནས་ཐོན་ན་ཡང་། །
རྒུད་སྐྱོབ་མི་ནི་འཇོར་དང་བཅས་ཏེ་གང་དང་གང་ནས་ཐོན་ན་ཡང་། །
རྒུད་སྐྱོབ་མི་ནི་ཟས་དང་བཅས་ཏེ་ཕྱོགས་དང་ཕྱོགས་ནས་ཐོན་ན་ཡང་། །
ད་ལྟ་བདག་གི་ཁྱིམ་གཞི་སྟོངས་ཤིང་བདག་གི་ནང་མི་ཚར་ནས་འདུག །

རེ་འགར་ལྷག་ཀྱང་རེ་འགར་འདུག་པ་མིག་ཡས་ཡོད་ཀྱང་རྣ་ཡས་མེད། །
རེ་འགར་ལྷག་ཀྱང་རེ་འགར་འདུག་པ་ཕ་མ་ཡོད་ཀྱང་ཕུ་ནུ་མེད། །
རེ་འགར་ལྷག་ཀྱང་རེ་འགར་འདུག་པ་ཁྱོ་ག་འདུག་ཀྱང་ཆུང་མ་མེད། །
མདང་ནུབ་དགའ་དགའ་སྐྱིད་སྐྱིད་རོལ་བའི་ཁྱིམ་གཞི་ཞིག་ཀྱང་འདི་ལྟར་སྟོངས། །

ཕ་མ་མང་པོའི་མིག་ཆུ་དྲུད་དེ་བུ་ཕྲུག་མང་པོའི་བེམ་པོར་འཐམ། །
བུ་ཕྲུག་མང་པོའི་རང་ཁྱིམ་བསྐྱུར་ནས་མི་འདོད་ཕྱི་མའི་འཕྲང་རིང་འགྲིམས། །
སོང་བའི་མི་ནི་ཕྱི་འགྱོད་དང་བཅས་བར་དོའི་འཕྲང་ན་འཇིགས་ཤིང་འཁུམས། །
ལུས་པའི་མི་ནི་གདུང་སེམས་དང་བཅས་མི་ཡུལ་ཁམས་ན་དངངས་ཤིང་འདར། །

ས་བརྐོ་རྡོ་སློག་ང་ཚོའི་མ་བྱས་ས་གཞི་འདི་ལ་སེམས་མི་འདུག །
རི་ཆུ་ནགས་གསུམ་ང་ཚོའི་མ་བཅོམ་རི་ཆུ་འདི་ལ་ཅི་བྱུང་སོང་། །
གཞན་ལ་གནོད་པ་ཅི་ཡང་མ་བྱས་ཚུར་ལ་རྒོལ་ལན་སློག་པ་འདི། །
སྐྱེ་བ་སྔོན་གྱི་ལས་དབང་ཡིན་ན་ལས་འདི་ཇི་འདྲའི་སྡུག་པ་ལ། །

སྐྱོ་ཨོ་སྐྱོ་ཨོ་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ཀྱང་འདི་ལྟར་སྟོངས། །
སྡུག་གོ་སྡུག་གོ་འདི་ཕྱི་གཉིས་ན་སྡུག་བསྔལ་མྱོང་བའི་མི་དག་སྡུག །
འཁྲེང་ངོ་འཁྲེང་ངོ་ཁ་སང་བོར་བའི་ཕ་ཁྱིམ་དེ་ལ་ཇི་འདྲའི་འཁྲེང་། །
བྲལ་ལོ་བྲལ་ལོ་ཕ་མར་བྲལ་བའི་སེམས་འདི་ད་ནི་གཅིག་པོར་ལུས། །

༢༠༡༠. ༤. ༡༥

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།