Monday, April 19, 2010

སྨུག་སྤྲིན་དང་ལྷན་དུ་བསྡོངས་པའི་ངའི་སྨྲེང་སེམས།


བྱ་དོར་ཕུན་ཚོགས་དབང་ཕྱུག

རླུང་འཚུབ་དེ་གང་ནས་ལྡང་སོང་བ་ཡིན།
ས་སྒུལ་དེ་ཅི་ཕྱིར་འཕྱུར་ཡོང་བ་ཡིན།
བར་ཆད་དང་སྐྱོ་གདུང༌།
བཙན་གནོན་དང་ན་ཟུག
མདོར་ན། སྡུག་བསྔལ་དང་གོད་ཆགས་ཀྱི་སྨག་རུམ་ཁོ་ནས།
གངས་དཀར་གྱི་བཞིན་རས་བསྒྲིབས་དགོས་དོན་ཅི།
རྩྭ་ཐང་གི་མཛེས་སྡུག་བཅོམ་དགོས་དོན་ཅི།
གདོང་དམར་བའི་ཚེ་སྲོག་འཕྲོག་དགོས་དོན་ཅི།

གནམ་རྒན་མ། ཁྱོད་ཀྱིས་རྒྱུ་འབྲས་ཀྱི་མཁར་རྫོང་སྲུང་མྱོང་ངམ།
ཉམ་ཐག་གི་ལས་དབང་ཟེར་བ་ཨེ་རིག
དྲང་བདེན་གྱི་བདེན་རྒྱབ་འབོད་པ་ཨེ་ནུས།
མི་ཡུལ་གྱི་འོ་དོད་བྱ་བ་ཨེ་ཐོས།

ཁ་སང༌། ཉི་མ་ནུབ་རིར་བགྲོད་པའི་དུས་ཚིགས་སུ།
སྨུག་སྤྲིན་དང་ལྷན་དུ་བསྡོངས་པའི་ངའི་སྨྲེང་སེམས།
ཧི་མ་ལ་ཡའི་སྒལ་ཚིགས་ཁད་ཀྱིས་བརྟོལ་ནས།
སྐྱེ་རྒུ་མདོའི་བྲང་གཞུང་སྐྱ་མོར་སྙེག་སྐབས།
གནས་དེའི་འཇིགས་སྐྲག་གིས་ང་རང་བཅུམས་ཤིང༌།
ཕུ་ནུ་ཚོའི་མིག་ཆུས་ངའི་ཡོད་ཚད་གཙང་པོ་ལྟར་བཞུར་བྱུང༌།

གྲོང་ཚོ་རེ་རེ་ཁྲག་གིས་འཚོས་ཤིང༌།
ལུང་གཞུང་ཐམས་ཅད་ཀེང་རུས་ཀྱིས་འཚེངས་དུས།
ངའི་རྣམ་ཤེས་རླུང་གིས་གཡོས་པའི་དར་ལྕེ་འམ།
ངའི་སྨོན་ལམ་ཆུ་ཤུགས་ཀྱིས་སྐྱོམ་པའི་མ་ཎི་འཁོར་ལོ་ལྟར།
འཛམ་གླིང་གི་ཕྱི་ནང་གང་སར།
ཡིག་དྲུག་གི་རོལ་དབྱངས་ས་སྒུལ་བཞིན་འདར་ཡོམ་ཡོམ་ངང་ གྱེར་བཞིན་ཡོད།།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།