Monday, April 19, 2010

འོད་ཟེར་ནག་པོ།


༤༡༤ དོན་རྐྱེན་ཁྲོད་ཀྱི་ངའི་ཕུ་ནུ་མིང་སྲིང་དག་ལ་ཕུལ་བ
ལྷམ་ཀོག


ས་གཞི་རི་རབ་འགུལ་བའི་དངངས་སྐྲག་གིས།།
ཕ་མ་བུ་ཕྲུག་སོ་སོར་ཕྱེས་པའི་སྙིང་།།
དྲག་ཏུ་འཕྱོ་ཞིང་དྲག་དུ་སྐྱོམས་པའི་ཚེ།།
བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་སྐྱོངས།།

གྲང་དང་མནར་བའི་སྡུག་གིས་ཡོངས་འཚེ་ཞིང་།།
ལྟོག་དང་བཀྲེས་པའི་མུ་གེ་བྱུང་བ་ན།།
གང་ལ་རེ་བའི་མིག་ཟུང་གཏོད་པའི་དུས།།
བླ་མ་སྤྱན་རས་གཟིགས་ཀྱིས་མགོན་སྐྱབས་མཛོད།།

གཅེས་ཤིང་ཕངས་པའི་ལང་ཚོ་བོར་བ་དང་།།
དྲོད་ཁོལ་འཛོམས་པའི་གཞི་ཁྱིམ་གཏོར་བའི་ངང་།།
ཡིད་ཀྱི་གཏད་སོ་བྲལ་བའི་འཇིགས་སྐྲག་ཀུན།།
བླ་མ་སྤྱན་རས་གཟིགས་ཀྱིས་སེལ་བར་སྨོན།།

ཕ་ཡིས་བུ་གཏོར་བུ་ཡིས་ཕ་གཏོར་ཞིང་།
བུ་མོས་མ་གཏོར་མ་ཡིས་བུ་གཏོར་ནས།།
སྐྱོ་བའི་འོ་དོད་རིང་མོས་ས་འགུལ་དུས།།
བླ་མ་སྤྱན་རས་གཟིགས་ཀྱིས་བརྩེ་བས་གཟིགས།།

ལས་ཀྱིས་བདས་ཤིང་རྐྱེན་གྱིས་ཉེར་བཟོས་པའི།།
མི་འདོད་དམྱལ་བའི་སྡུག་བསྔལ་མངོན་སུམ་དུ།།
ཨར་འདམ་གསེབ་དང་ཟོམ་ན་མྱོང་བའི་དུས།།
གྲུ་འཛིན་མགོན་དེས་ཐུགས་སྐྱེད་བདག་གིར་བཞེས།།

ཀྱེ་ཧུད་མགོན་དང་དཔུང་གཉེན་བྲལ་བ་ཡི།།
ཉམ་ཐག་འགྲོ་ཀུན་འདི་ཀོ་ཡལ་བོར་ནས།།
བདེ་དང་སྐྱིད་པའི་ངང་དུ་འཚོ་འདོད་དག།
བསྟན་དང་སྟོན་པར་དཀར་བའི་གཏམ་དེ་རྫུན།།

རིགས་ཀྱི་ཆེ་བས་གཅིག་ཏུ་ཉེར་བཅིངས་ཤིང་།།
བྱམས་དང་བརྩེ་བའི་དམ་ཚིག་གཙང་བ་ཀུན།།
གཏོང་དང་ཡངས་པའི་སྒོ་གླེགས་འབྱེད་པ་ལ།།
ལྷག་སེམས་སེམས་བསྐྱེད་དྲག་པོས་མཐུན་འགྱུར་མཛོད།།

དེ་ལྟའི་ཡིད་ལ་གདུང་བའི་ཁུར་ལྕི་ཡང་།།
བསོད་ནམས་ཚོགས་གཉིས་གསར་དུ་གསོག་པའི་ཐབས།།
ལག་ཏུ་བསྟར་བའི་མངོན་འདོད་སྒྲུབ་སླད་དུ།།
གང་ལ་འཚམ་པའི་དན་རྟགས་མ་ནོར་ཞིག།

ཁོག་གི་སྙིང་དང་དཔྲལ་བའི་མིག་བཞིན་དུ།།
འབྲལ་བར་མི་ཕོད་ང་ཡི་ལྕམ་སྲིང་ཀུན།།
དེ་རིང་གློ་བུར་གསོན་བྲལ་བྱས་པ་འདིར།།
མཆི་མ་མི་འདོན་སེམས་དེ་རྡོ་ལས་བྱས།།

གཟུགས་ཅན་མི་དང་གཟུགས་མེད་ལྷ་ཡི་དཔུང་།།
དངོས་ཤུགས་རྒྱུད་གསུམ་རེག་དང་འཕྲད་པ་ལས།།
མཐུ་དང་ནུས་པའི་བདེན་སྟོབས་མ་ལྷོད་པར།།
སྐྱོབ་དང་སྐྱབས་ཀྱི་འཕྲིན་ལས་དང་དུ་ལོངས།།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།