Monday, April 19, 2010

བོད་ཀྱི་སྡུག་བསྔལ།

སྤྱི་ཟླ༤པའི་ཚེས༡༤ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་གི་སྐྱེ་རྒུ་མདོ་ལ་ཕུལ།
དགའ་དགའ།


གསོན་སྙིང་འདྲལ་ཞིང་གློ་མཆིན་གཅུ་བྱེད་པའི།།
དུས་ཀྱི་འཇིགས་པ་འོངས་པའི་ཉིན་མོ་ནས།།
མིག་མཐའི་མཆི་མ་གཞར་ཡང་སྐམ་མིན་པའི།།
སྡུག་གི་མཚོ་མོར་སྣོན་པ་སུ་ཡིས་བྱིན།།
ཉིན་མོ་གར་སོང་ས་ནས་ཁམས་མ་དྭངས།།
མཚན་མོའི་རྨི་ལམ་འགྲིམས་ཡང་བློ་མ་བདེ།།
གསར་འགྱུར་ཐན་ཐུན་ཐོས་དུས་གསོན་པོའི་སྙིང་།
ཐེར་ཚལ་སྦར་ཚལ་གཏོང་བ་སུ་ཡི་འཕྲུལ།།
ཕ་གསོད་ལག་དམར་མཐོང་ཡང་གཡས་ནས་བསྐྱུར།།
མ་གཏུབ་གཤེད་མ་རིག་ཀྱང་གུད་དུ་བོར།།
བཟོད་པའི་མ་ཐུབ་ཞེ་སྡང་ངར་མའི་མཚོན།།
གང་སར་གཡུག་པའི་སྙིང་ནད་སུ་ལ་རྩོད།།
ཙོག་པུར་བསྡད་ཀྱང་མགོ་ནས་སྙིང་ལ་འཐིབས།།
འགྲེང་ནས་བསྡད་ན་རྐང་ནས་རུས་ལ་ཟུག།
བསམ་ནས་བསྡད་ན་ཞ་རེངས་ནད་ཐེབས་ཚོད།།
སྡུག་འདི་སངས་བའི་ཐབས་འགའ་ཡོད་དམ་ཅི།།
བོད་པ་བོད་པ་ཧ་ཅང་ལས་ངན་སྟེ།།
བོད་པ་སྐྱེ་རྒུ་མདོ་ལ་སྡུག་བསྔལ་བྱིན།།
དུས་མཐའི་རྒུད་པའི་ལས་དབང་ཆེས་བཙན་ཡང་།།
ཀུ་རེ་འདི་ཡང་ཧ་ཅང་ཐལ་ཆེ་ལགས།།
རྒྱུ་འབྲས་རྙོག་པའི་ཁྱི་ཚང་བཙན་དང་གཅིག།
འབྱུང་བའི་སྤྱང་ལྟོགས་སྙིང་རྗེ་མེད་དང་གཉིས།།
གངས་ཅན་བོད་ལ་འཛོམ་པའི་ལག་རྗེས་ལ།།
ང་ཡི་སྐྱེ་རྒུ་མདོ་བ་ཁྱུད་མུད་བྱས།།
ཅི་ཞིག་ཉེས་སམ་བདག་གི་རིགས་ཀྱི་རྒྱུད།།
བྱམས་དང་སྙིང་རྗེས་ཁེངས་པས་ལན་ནམ་ཅི།།
ཅི་ཞིག་ཉེས་སམ་བདག་གི་རིགས་ཀྱི་རྒྱུད།།
དྲང་བདེན་ཡ་རབས་ཡིན་པས་བརླག་སོང་ངམ།
ང་ལ་སྲོག་ལན་སྤྲོད་ཅིག་གཤེད་མ་ཀྱེ།།
ཤི་བོའི་གྲངས་ཀ་སྤྲོད་ཅིག་དམེ་བོ་ཀྱེ།།
མདོ་སྟོད་སྐྱེ་རྒུ་མདོ་བའི་སྤུན་ཟླ་ཡིས།།
འཆི་བའི་མིག་གིས་ཅེར་རེར་སྒུག་ནས་ཡོད།།
མཆོད་མེ་སྦར་ནས་གསོལ་འདེབས་ལན་གསུམ་བྱས།།
དགེ་སྒྲུབ་ཅུང་ཟད་ཕྱི་མའི་ལམ་ལ་བསྐུར།།
གཤིན་ཐང་བྱེ་མ་སྐྱ་བོའི་ཉག་ག་ནས།།
ཕྱག་ན་པདྨོས་ལམ་སྣ་འདྲེན་པར་ཤོག།
ལས་དབང་སྐུད་པའི་གཅིག་ཏུ་འཐབ་པའི་སྐྱ།།
ཡང་ཡང་བཤིག་ཀྱང་མདུད་པ་མི་ཤིགས་པ།།
གངས་ཅན་བོད་པ་ཞིག་གི་རྣམ་ཤེས་ཀྱིས།།
སླར་ཡང་སྐྱེ་རྒུ་མདོ་ལ་འཛོམས་པར་སྨོན།།


༢༠༡༠ལོའི་སྤྱི་ཟླ༤ཚེས༡༦ཉིན།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།