Monday, April 19, 2010

སྐད་སྒྲ་མེད་པའི་མིག་ཆུ།

ཡུལ་ཤུལ་ས་ཡོམ་ཁྲོད་ཀྱི་གཤིན་གསོན་རྣམས་ལ་ཕུལ་བ།
གཡུ་སྲས།

ས་སྲོད་ཀྱི་བཙག་ཤད་དང་ཁངས་ཆར་འདྲེས་མའི་རྡོག་སྒྲ་དེས
སུ་ཞིག་གི་གདོང་ལ་གསུབ་ཐབས་བྲལ་བའི་རྟགས་ཐམ་དང་བཀའ་རྒྱ་བཏབ་ཅིང
ཞོགས་པ་གཞན་ཞིག་གི་སྐྱ་མདའི་ཀློང་ལ་རུས་རྐང་གཟེར་བའི་བུ་ལོན་བཀལ
ས་ཆེན་ཁྲོས་པའི་སྡང་མིག་གམ་གནམ་གྱིས་བསྐོས་པའི་གཙེས་རྒོལ་གང་ཡིན་མ་ངེས་མོད
ཡུལ་ཤུལ་དུ་རིགས་མཐུན་ཁྲི་སྟོང་མང་པོའི་གཅེས་པའི་ཚེ་སྲོག་རི་བོ་ལྟར་འགྱེལ་སོང
ཡུལ་ཤུལ་དུ་ཞེ་མཐུན་སྟོང་ཕྲག་མང་པོའི་རིན་ཆེན་མི་ལུས་འཇའ་ཚོན་ལྟར་ཡལ་སོང
ཡུལ་ཤུལ་དུ......

ངུས་ཀྱང་མིག་ཆུ་མེད་པ་ནི་མགྲིན་པ་བརྣངས་པའི་བདག་གི་མགོ་བོ་འདི་རེད
སྨན་ཁང་གི་གྲུ་ལོགས་ཤིག་ན་ཁ་ཁུ་སིམ་མེར
ཡུལ་གྱི་རྩེ་རོགས་དྲན་གི་ཟེར་བའི་བུ་མོ་བཀྲ་ཤིས་མཚོ་མོ་རེད
དགུང་ལོ་རེ་ལྔར་སོན་ཡང་བརྙས་སྨོད་ཀྱི་བཙན་རྒོད་ཐེབས་པའི་ཨ་མ་སྐྱིད་ལོ་རེད
གདོང་ཡོངས་རྨ་ཁས་ཁེབས་པའི་ཨ་ཕ་བཀྲ་ཤིས་རེད
བྲང་གཞུང་དང་བརླ་རྐང་འགུལ་རྒྱུ་མེད་པའི་ཕུ་བོ་དགེ་ལེགས་རེད
བུ་ཆེ་བ་ཕྱི་མར་བུད་སོང་ཟེར་བའི་ཕུ་བོ་དགེ་ལེགས་ཀྱིས
ངའི་གཟུགས་གཞི་དང་བྱད་བཞིན་ལ་ལྟ་བཞིན
ངའི་བུ་ཆེ་བ་ཁྱོད་དང་ལོ་ཚོད་མཉམ་པོར་ཡོད་ཟེར
ངས་ཚོད་ཚོད་ལ་གཤིན་རྗེའི་སྒོ་དྲུང་འགྲིམས་མཁན་དེ་རང་ཉིད་ཡིན་ན་བསམས་བྱུང

ཡུལ་ཤུལ་དུ བུ་མོ་མཚོ་མོ་ལྟ་བུའི ཨ་མ་སྐྱིད་ལོ་ལྟ་བུའི
ཡུལ་ཤུལ་དུ ཨ་ཕ་བཀྲ་ཤིས་ལྟ་བུའི ཕུ་བོ་དགེ་ལེགས་ལྟ་བུའི
ཁྱིམ་གཞིས་བྱ་སྒོང་བཞིན་བཅག་ཅིང་ཉེ་མི་མར་མེ་བཞིན་གཟིམ་ཚར་བའི
ཁྱིམ་མེད་ཀྱི་སྐྱེས་པ་དང་ཡུགས་མོ ཕ་མེད་ཀྱི་དྭ་ཕྲུག་ག་ཚོད་ཅིག་ལུས་ཡོད་ཨང

མོག་པོར་རྒྱུ་བའི་མཚན་མོའི་སྨག་རུམ་འདིས
ངའི་བསམ་གཞིག་གི་བར་སྣང་ཕྱེས་ཤིང
ཡུལ་ཤུལ་བའི་སྐྱ་ཐང་ཐང་གི་ངོ་གདོང་ཡོད་ཚད
དེ་རིང་གི་ཁངས་ཆར་ཁྲོད་ཀྱི་ཡུལ་ཤུལ་དང་འདྲ་བར
སེམས་བྱུང་ཁྲི་ཕྲག་གི་བང་རིམ་ནས་རྦབ་རྡོ་བཞིན་ཁོ་བོའི་བྲང་གཞུང་མནན་བྱུང

སྨན་ཁང་གི་གྲུ་ཟུར་ཞིག་ཏུ ཁོ་བོས་གཉོམ་དུང་ངེར
ཁྱིམ་མི་ཡོད་ཚད་གཤིན་ཡུལ་འགྲིམས་པའི་ཨ་ཅེ་སྒྲོལ་མའི་དངན་སྒྲ་ལ་ཉན་གྱིན
ད་རུང་ཡང་སྐྲ་ལོ་བཀྲུ་མི་ཉན་སྡུག་ལོངས་མེད་ཟེར་བའི
ཡུལ་ཤུལ་བའི་སྙིང་སྟོབས་དང་དད་ཞེན་མཐོང་བྱུང
ཚངས་ར་དང་སྒལ་ཚིགས་སིལ་བུར་གས་ཡོད་པའི་ནུ་བོ་དོན་གྲུབ་ཀྱི་ཞུ་ཚིག་ཕྲ་མོས
ཡང་བསྐྱར་གང་ནས་འགྱེལ་ན་དེ་ནས་ངེས་པར་དུ་ལངས་དགོས་པའི་གདམས་ངག་ཀྱང་རྙེད་བྱུང
ཡུལ་ཤུལ་བ དཔའ་རྟུལ་གྱི་ཕ་ས་ནས་དགྲ་མགོ་ཐོ་བོས་བརྡུངས་ཏེ
སྡུག་བསྔལ་གྱི་རི་རབ་གཙང་བོའི་ཕ་རོལ་དུ་སྐྱེལ་མཁན
སེམས་ལྗོངས་ཀྱི་སྨྲེང་གླུ་སྙིང་སྟོབས་ཀྱི་སྲོག་ཏུ་བསྒྱུར་མཁན
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གུས་འདུད་ཞུ
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གསོལ་འདེབས་ཞུ
བདག་གིས་ཁྱེད་ལ་ཞེ་སེམས་གཙང་མས་གདུང་འབོད་ཞུ

༢༠༡༠-༤-༡༨ཉིན་གྱི་དགོང་མོར་བྲིས།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།