Monday, April 19, 2010

སྟོང་བའི་དབྱིངས་ལ་བཏབ་པའི་མགུར།

པ་ཐུར།

བདུད་དཔུང་གཤེད་མའི་ལས་ཀྱི་མཚོན་ཆ།།
གཟུགས་མེད་སྲིན་པོའི་འཁོར་ལ་འཁྲིལ་ནས།།
བརྩེ་མེད་མཆེ་བའི་ཁ་གདངས་རི་མོ།།
གངས་རིའི་སྙིང་གི་བྲང་ལ་གཏད་སོང་།།

སྤྱིར་ན་ཕན་བདེ་གཞི་ལ་བཅོལ་བའི།།
གངས་རིའི་ཆོས་ཀྱི་ཞིང་ས་འདི་ཡིས།།
རང་བྱུང་ལས་ཀྱི་རི་མོའི་ཁམས་འདི།།
གཅེས་འཛིན་སྲོག་གི་འཆིང་ཐག་བརྒྱབ་ཡོད།།

ཡིན་ཡང་ས་འགུལ་རླུང་ཤུགས་ཕྲ་མོས།།
ས་གཞི་རི་བོའི་ཁོངས་ལམ་གས་ཅིང་།།
སེམས་ཅན་སྲོག་གི་དབུགས་ཐག་མཉེན་མོ།།
གློ་བུར་སྙིང་གི་རྩ་ནས་བཅད་སོང།།

ཕ་བསད་བུ་ངུ་འཇིགས་པའི་ཁྲོམ་རྭ།།
བུ་ཤི་མ་ངུ་སྐྱོ་བའི་དུར་ས།།
དམྱལ་བ་གམ་བཅར་གཤིན་རྗེ་འཕྲང་རིང་།།
མིག་མདུན་ཀླད་ལ་བསྐོར་དོན་ཅི་བྱུང་།།

ས་རྡོ་རི་བརྡིབས་མེ་འོབས་གཏིང་འོག།
ང་དང་ནུ་བོའི་ཕ་སར་བསྒྱུར་ན།།
རྟེན་དང་བརྟེན་པོའི་དགྲ་འཇོམས་དཔུང་ཚོགས།།
མིག་ཞར་ལག་འཁུམས་གང་ལ་བཞུར་སོང་།།

ལྷ་ཀླུ་གཉན་གསུམ་འཁོར་གྱི་གྲོགས་ལ།།
ཟས་ཀྱི་ཕུད་རྐོང་མཆོད་ལ་མ་བསྐམས།།
གོས་ཀྱི་དར་ཡུག་རྡང་ལ་མ་འཆད།།
སྤྲིན་ནག་སྣོལ་མར་འཁྱུག་དོན་ག་རེད།།

ཁུ་ཚུར་ས་བརྐྱངས་རྡུང་ལ་རྔམས་མེད།།
རྐང་བ་གནམ་གཏད་དཔངས་ལ་མ་བསྲིངས།།
ངན་གཡོ་རྫས་ཀྱི་ཁྲི་ལ་མ་གཏད།།
ལན་ཆགས་འབྲས་བུ་གང་གིས་བྱིན་སོང་།།

ཀྱེ་མ་ཀྱེ་ཧུད་གཤིན་རྗེ་བདུད་པོ།།
ཁྱོད་སྙིང་ཁྱི་ཡི་གློ་བ་མིན་ན།།
ཉམ་ཐག་ཟ་བའི་ཁྲག་གི་མཆུ་འདི།།
སྡིག་ཅན་དམར་བོའི་དྲག་ཤུལ་མིན་ནམ།།

ཡོད་ཡོད་འདྲ་བའི་རྒྱུ་འབྲས་མེ་ཏོག།
མེད་མེད་འདྲ་བའི་སད་ཀྱིས་བཅོམས་ཚེ།།
བུ་ཆུང་སྙིང་གི་དད་གསུམ་དྲོན་མོ།།
འཁྱགས་ཀློང་བསྡམས་པའི་གཏིང་ལ་བཅུག་ཐལ།།

ཤུལ་ན་གསོན་ཅིང་རྨས་ཀྱིས་བརྫིས་པའི།།
བདག་གི་གྲོགས་དང་གཅེས་པའི་སློབ་ཕྲུག།
སྤྱན་ཟུང་མ་ལྷོད་གསོན་ལ་དམིགས་ཅིག།།
བསྡོངས་གྲོགས་མང་པོའི་རྒྱབ་ན་བསྐྱོར་ཡོད།།

གང་ལྟར་སྲོག་གི་རྒྱུན་ཐག་བཅད་པའི།།
གངས་ཅན་ཡུལ་ཤུལ་གྲོང་གི་སྤུན་ཟླ།།
བར་དོའི་འཕྲང་ལམ་འགྲིམས་པའི་རིགས་ལ།།
སྐྱོ་མགུར་དྲན་པའི་གཞས་འདི་ཕུལ་ལོ།།

No comments:

Post a Comment

ང་ཚོས་ཡུལ་ཤུལ་གྱི་སྤུན་མཆེད་ཤི་གསོན་གཉིས་ལ་བསྔོ་སྨོན་མ་ཎི་དང་ཞལ་འདེབས་རོགས་རམ་ཅི་ཐུབ་གནང་དགོས།